国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལོ་ཟླ་རེ་རེ་བཞུད་རྗེས་།

ལོ་ཟླ་རེ་རེ་བཞུད་རྗེས་རང་སེམས་ལ་རླུང་བུ་བཞིན་དུས་རྟག་ཏུ་ལྡིང་ཡོང་བ་ནི་བདག་གི་མི་ཚེ་འདི་དོན་དང་ལྡན་པ་ཞིག་རེད་དམ་ཞེས་པའི་དྲི་བ་ཞིག་འཁོར་ཡོང་བ་དེ་རེད། དྲི་བ་འདིས་ངས་རང་གི་མི་ཚེ་ལ་འགྱུར་བ་བཏང་ནས་ཡང་དག་པའི་ལམ་དུ་བསྐྱོད་པ་ལ་འབད་བརྩོན་བྱས་མྱོང་། རང་ཉིད་རང་གིས་མགོན་བྱས་ཏེ། ལེ་ལོ་དང་སྒྱིད་ལུག་བདག་ཉིད་དམན་ལྟ་སོགས་སྤངས་ནས། ཡང་དག་པའི་འབྲས་བུ་ཞིག་འཐོབ་པར་རེ་སྒུག་བྱས་ནས་ལོ་ངོ་མང་ཙམ་འདས། འདི་ལྟར་ལོ་ཟླའི་རྗེས་ཤུལ་རེ་རེ་ལ་ཕྱིར་མིག་འཕེན་ན་ང་རང་ལ་གནོང་འགྱོད་སོགས་གཏན་ནས་མི་འདུག འཇིག་རྟེན་འདི་ལམ་བུ་སྣ་ཚོགས་ཀྱིས་གྲུབ་ཅིང་། ལམ་བུ་རེ་རེ་ལ་གདམས་ཀ་བྱེད་པའི་དབང་ཆ་རང་ཉིད་ལ་དབང་ཡོད། མཐའ་མར་ངས་མི་ཚེའི་གདམས་ཀ་དཔེ་ཆ་ཀློག་པ་ཡིན།དེ་ནི་ཡང་དག་པའི་ལམ་བུ་ཞིག་ཏུ་མཐོང་ནས། དཔེ་ཆ་དང་གྲོགས་པོ་བསྒྲིགས་པ་ཡིན། དམ་པ་རྣམས་ཀྱིས་བཤད་ན་དཔེ་ཆ་ནི་ཆེས་བཟང་བའི་གྲོགས་དེ་ཡིན་ཟེར་བའི་ཚིག་དེས་བདག་སེམས་ལ་སྔར་མེད་པའི་གསོན་ཤུགས་སྟེར་ནས། ང་རང་བློ་སེམས་རྩེ་གཅིག་གིས་ལམ་དེར་ཞུགས་པ་ཡིན།

དམ་པའི་གསུང་རབ་ཁག་ཏུ། མི་ཡི་ལུས་རྟེན་འདི་རྙེད་དཀའ་བ་རྙེད་ན་དོན་ཆེ་བ། འདི་ཉིད་རང་བཞིན་ཆུད་ཟོས་སུ་གཏོང་མི་རུང་བར་མང་དུ་གདམས་ཡོད། དེ་བས་ངས་ཀྱང་འདི་ཉིད་སེམས་སུ་ནན་གྱིས་བཅངས་ནས། ལོ་དང་ཟླ་བ་མཐུད་ནས་སྔོན་བྱོན་དམ་པའི་གསུང་རབ་ལ་རང་ནུས་གང་ཡོད་ཀྱིས་འབད་པ་ཅི་ལྕོགས་བྱས། མེས་པོ་དམ་པའི་གསུང་རབ་བཀླགས་པའི་བགོ་སྐལ་ཐོབ་པ་ནི། ང་རང་གི་བསོད་ནམས་ཤིག་ཏུ་བརློམས་ནས་འཇུག་གིན་ཡོད། མི་ཡི་ལུས་རྟེན་ཞིག་བླངས་ཚར་བ་ནས་བཟུང་། ཁྱོད་ལ་ཤིན་ཏུ་དཀོན་པའི་དུས་ཚོད་ཀྱི་བར་སྟོང་རེ་ཡོད་ཅིང་། ཤིན་ཏུ་དཀོན་པའི་དུས་ཚོད་ཀྱི་བར་སྟོང་དེ་ཁྱོད་ཁོ་ན་ལ་དབང་བས་ཁྱོད་ཀྱིས་ཡང་དག་པ་ཞིག་བཀོལ་སྤྱོད་བྱ་དགོས།

མི་ཚེ་ནི་རླུང་ནང་གི་མར་མེ་ལྟར་ཡུན་རིང་ལ་འཇིག་རྟེན་འདིར་འཚོ་བའི་དབང་ཆ་མེད། དེ་བས་རྣམ་དཔྱོད་ལྡན་པའི་མི་ཞིག་བྱས་ཏེ། མཛེས་སྡུག་ལྡན་པའི་འཇིག་རྟེན་འདི་ནས་ཡང་དག་པའི་འཚོ་བར་རོལ། སེམས་ཀྱི་འདོད་པ་ལ་ཚད་མེད་པས་རང་སེམས་ཀྱི་རྟ་རྒོད་རང་གིས་འདུལ་དགོས། སེམས་ཀྱི་འདོད་པ་མཐའ་དག་བསྒྲུབ་དགོས་སྙམ་པའི་སྟོང་བསམ་དེ་དག་ཕར་གཡུགས་ནས། དམིགས་ཡུལ་རྩེ་གཅིག་དང་ཕུགས་འདུན་བརྟན་པོའི་ངང་ནས་ཡང་དག་པའི་ལམ་བུ་ཞིག་འཐོབ་པར་འབད་པ་དང་རྒྱུན་འཁྱོངས་བྱ་དགོས།

ལོ་ཟླ་རེ་རེ་བཞུད་རྗེས། རང་སེམས་ཀྱི་མེ་ལོང་ལ་བྱི་དོར་ལན་གསུམ་བྱས་ནས། རང་གིས་རང་ཉིད་ལ་ཕྱིར་རྟོག་རེ་བྱེད་ན། འཇིག་རྟེན་གྱི་མཛེས་པ་མཐའ་དག་ནི་རྒྱང་རིང་རྒྱང་རིང་ཞིག་ཏུ་མེད་པར་ད་ལྟ་རང་གི་མདུན་ཅོག་ཏུ་ཁྲ་ལམ་མེར་ཡོད་པའི་དངོས་པོ་དེ་ཡང་ཡིན་ཆོག་ལ། ཡང་ན་ལག་མཐིལ་ཏུ་ཟ་འཕྲུག་ལང་བཞིན་པའི་ཚོར་བ་རྐྱེན་པོ་དེ་ཡང་ཡིན་ཆོག་པས་མཛེས་སྡུག་ནི་རྒྱང་རིང་དུ་བསྐྱོད་མི་དགོས་པར་ཁྱོད་ཀྱི་ཉེ་འགྲམ་དུ་ཁྱོད་དང་ལྷན་ཅིག་ཏུ་གནས་ཡོད།།

༼ རི་སྤྱང་། ༽