ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། སྤྱི་ཟླ11པའི་ཚེས16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས22པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏང་དགོས》ཞེས་པ་བཀོད་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2023ལོའི་ཟླ་བ9པ་ནས2025ལོའི་ཟླ་བ4པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གནད་བསྡུས་བྱས་པ་ཞིག་རེད།
རྩོམ་ཡིག་ནང་ནན་བཤད་གནང་དོན། ཐོན་སྐྱེད་ནུས་ཤུགས་གསར་མ་ནི་གསར་གཏོད་ཀྱིས་གཙོ་ཁྲིད་ཀྱི་ནུས་པ་འདོན་པ་དང་། སྲོལ་རྒྱུན་གྱི་དཔལ་འབྱོར་འཕར་སྟངས་དང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་ཐབས་ལས་གྲོལ་ནས་ཚན་རྩལ་མཐོ་བ་དང་། ནུས་ཕྱོད་ཆེ་བ། སྤུས་ཚད་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་མཐུན་པའི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་ཀྱི་སྤུས་རྣམ་ཞིག་རེད། དེ་ནི་ལག་རྩལ་གསར་བརྗེའི་རང་བཞིན་གྱི་ཚད་བརྒལ་དང་། ཐོན་སྐྱེད་གཙོ་རྒྱུར་གསར་གཏོད་རང་བཞིན་གྱི་བཀོད་སྒྲིག། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གཏིང་ཟབ་བཅས་ལས་བྱུང་ཞིང་། ངལ་རྩོལ་པ་དང་། ངལ་རྩོལ་རྒྱུ་ཆ། ངལ་རྩོལ་བྱ་ཡུལ་དང་། དེ་བཞིན་ལེགས་སྒྱུར་སྡེབ་སྒྲིག་མྱུར་འཕར་གཞི་རྩའི་ནང་དོན་དུ་བྱེད་པ་དང་། གཙོ་རྒྱུ་ཀུན་འདུས་ཀྱི་ཐོན་སྐྱེད་བྱེད་འབོར་ཆེ་རུ་ཤུགས་ཆེན་གཏོང་རྒྱུ་ལྟེ་བའི་མཚོན་རྟགས་སུ་བྱེད་ཀྱི་ཡོད། དེའི་ཁྱད་ཆོས་ནི་གསར་གཏོད་དང་། འགག་རྩ་ནི་སྤུས་ལེགས། ངོ་བོ་ནི་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་བཅས་རེད།
རྩོམ་ཡིག་ནང་བསྟན་དོན། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཐབས་ལམ་ཞིག་རེད། ཚན་རྩལ་གསར་གཏོད་ལས་ཐོན་ལས་གསར་པ་དང་། དཔེ་རྣམ་གསར་པ། སྒུལ་ཤུགས་གསར་པ་བཅས་ཐོན་ཐུབ་པས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ལྟེ་བའི་གཙོ་རྒྱུ་ཞིག་རེད། ཚན་རྩལ་གསར་གཏོད་ལ་དམ་འཛིན་བྱེད་པར། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པར་དམིགས་ཏེ། ཚན་རྩལ་གྱི་གྲུབ་འབྲས་མང་ཙམ་ཐོན་པར་བྱ་དགོས་ལ། ཚན་རྩལ་གྱི་གྲུབ་འབྲས་དངོས་དངོས་རྗེན་རྗེན་གྱི་ཐོན་སྐྱེད་ནུས་ཤུགས་ལ་འགྱུར་བར་བྱ་དགོས། ཐོན་ལས་གསར་གཏོད་ལ་དམ་འཛིན་བྱེད་པར། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་འདི་བརྟན་པོ་བསྲུངས་ཏེ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་ཀྱི་འགྲན་ལམ་གསར་པ་འབྱེད་རྒྱུ་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ལ་དམ་འཛིན་བྱེད་པར། ལས་སྟེགས་སྐྲུན་པ་དང་། སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་ལ་ཤུགས་རྒྱག་པ་བཅས་བྱས་ནས། གསར་གཏོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་འབྲེལ་མཐུད་དམ་ཚགས་ཐུབ་པར་བྱ་དགོས།
རྩོམ་ཡིག་ནང་བསྟན་དོན། འཕེལ་རྒྱས་སྤུས་ཚད་མཐོན་པོར་ཤུགས་རྐྱེན་དང་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་ལམ་སྲོལ་གྱི་སྐྱོན་ཆ་མཐའ་གཅིག་ཏུ་བསལ་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་དང་དེ་བས་འཚམ་པའི་ཐོན་སྐྱེད་འབྲེལ་བ་འཐུས་སྒོ་ཚང་དུ་གཏང་དགོས། ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པའི་ལམ་ལུགས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་སྟེ། སྔོན་ཐོན་ཐོན་སྐྱེད་ཀྱི་གཙོ་རྒྱུ་སྣ་ཚོགས་ཐོན་སྐྱེད་ནུས་ཤུགས་གསར་མའི་ཕྱོགས་སུ་གཅིག་སྡུད་ཐུབ་པར་སྐུལ་འདེད་གཏང་དགོས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་གསར་གཏོད་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཏེ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་དང་ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་གཏོང་བའི་ཐད་རྒྱུན་མཐུད་ཤུགས་རྒྱག་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་དང་ལག་རྩལ་གསར་ཤོས་ཚད་བརྒལ་ཡོང་བའི་ཐད་ཀྱི་འགག་སྒྲོལ་ལ་དམ་འཛིན་ནན་པོ་བྱ་དགོས། ཕྱོགས་ཡོངས་ནས་གསར་གཏོད་བྱེད་པར་ཤུགས་རྐྱེན་དང་ཚོད་འཛིན་བཟོ་བའི་འཁོན་ཐོགས་དང་འགག་ས་བཤངས་ཏེ། སློབ་གསོ་ཚན་རྩལ་གྱི་ཤེས་ལྡན་པ་གཞི་གཅིག་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་བརྟན་པོ་ཡོང་བར་བྱ་དགོས།
རྩོམ་ཡིག་ནང་ནན་བཤད་གནང་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་དུ། ངེས་པར་དུ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དེ་ཉིད་དེ་བས་མངོན་གསལ་དོད་པའི་འཐབ་ཇུས་ཀྱི་གནས་བབ་ཏུ་བཞག་སྟེ། ཚན་རྩལ་གསར་གཏོད་སྣེ་ཁྲིད་དུ་བྱེད་པ་དང་དངོས་ཚན་དཔལ་འབྱོར་རྨང་གཞིར་བྱས་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་དགོས། ས་གནས་ཁག་གིས་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ། ས་གནས་འདི་གའི་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། ཚན་ཞིབ་ཀྱི་ཆ་རྐྱེན་སོགས་ལ་གཞིགས་ནས། ཐོན་ལས་གསར་པ་དང་། དཔེ་རྣམ་གསར་པ། སྒུལ་ཤུགས་གསར་པ་བཅས་ཀྱི་འཕེལ་རྒྱས་ལ་གདམ་ག་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཕར་བ་དང་ལས་ཞུགས་ཡོང་འབབ་ཀྱི་གཞི་རྩའི་བརྟེན་ས་ཡིན་པའི་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་རྙིང་རྒྱུན་མཐུད་བརྗེ་སྒྱུར་བརྟན་པོ་ཡོང་བར་སྐུལ་འདེད་གཏང་དགོས།།( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)
