སྤྱི་ཟླ11པའི་ཚེས13ཉིན། 2025ལོའི་ཁུལ་ཨུ་དང་ཁུལ་དམངས་ཆེན་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཚན་ཁག་དང་། ཁུལ་སྲིད་གཞུང་ཏང་ཚན་ཁག། ཁུལ་སྲིད་གྲོས་ཏང་ཚན་ཁག་བཅས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་གཅིག་བསྡུས་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུ་དང་གྲོང་ཁྱེར(ཁུལ)ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཟུར་ཉན་ལས་དོན་ཚོ་ཆུང་དྲུག་པའི་ཚོ་དཔོན་དང་། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ། རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་ཁྲེན་ཀོང་ཧའོ་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་བྱས་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་གྱིས་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་འབྲེལ་སློབ་སྦྱོང་གི་མྱོང་ཚོར་མཉམ་སྤྱོད་བྱས་པ་རེད།
ཁུལ་དམངས་ཆེན་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲང་ཐུང་རུང། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཆུང་བཅས་སློབ་སྦྱོང་དུ་ཞུགས་པ་རེད།
ཚོགས་འདུར་བསྟན་དོན། ཆོས་ལུགས་ལས་དོན་ནི་ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ལས་དོན་ཞིག་ཡིན་པས། མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་ནང་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་དོན་དུ་འཁྱོལ་བར་བྱས་ནས། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་མོར་བླངས་ནས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཆ་ཚང་བ་དང་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ནས།རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་ཏེ། ཆོས་ལུགས་ལས་དོན་གྱི་ངོ་བོ་ནི་མང་ཚོགས་ཀྱི་ལས་ཀ་ཡིན་པ་ངོས་འཛིན་གསལ་པོར་བྱས་ནས། ཆོས་ལུགས་ལས་དོན་གྱི་ལངས་ཕྱོགས་དང་བྱ་ཐབས་ཡང་དག་པར་བེད་སྤྱོད་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཚམ་པར་ཁྲིད་སྟོན་ཧུར་ཐག་བྱ་དགོས།
ཚོགས་འདུར་བླང་བྱ་བཏོན་དོན། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡོང་བའི་འགན་ལེན་མཐའ་གཅིག་ཏུ་བྱ་དགོས་པ་དང་། ཁྲིམས་ལྟར་ཚད་ལྡན་དོ་དམ་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་རྒྱག་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཡོངས་སུ་ཁྱབ་པའི་བརྟག་ཞིབ་གཏིང་ཟབ་སྤེལ་བ་དང་།“དགོན་གཅིག་ཇུས་གཅིག”ཁྲིམས་ལྟར་ཚད་ལྡན་དོ་དམ་བྱ་རྒྱུའི་ཕན་འབྲས་མུ་མཐུད་དེ་སྲ་བརྟན་དང་གཏིང་ཟབ་གཏང་དགོས། ཆོས་ལུགས་ལས་དོན་ཁྲིམས་ལུགས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏང་རྒྱུ་དང་། ཆོས་ལུགས་ཀྱི་ཟང་ཟིང་བཅོས་སྐྱོང་མཐའ་གཅིག་ཏུ་ནུས་ལྡན་བྱས་ནས་ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་བྱ་རྒྱུར་བསྐུལ་དགོས། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་མུ་མཐུད་དུ་ཤུགས་བརྒྱབ་སྟེ།“འདུ་ཤེས་གསུམ”གྱི་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་སྤེལ་བ་དང་།“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དང་དགོན་པའི་ནང་བསྐྱོད་པའི”ལག་ལེན་བྱ་སྤྱོད་ཟབ་ཏུ་བཏང་སྟེ། ཏང་དང་ཆོས་ལུགས་ལས་རིགས་བར་གྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཆོས་ལུགས་ལས་དོན་གྱི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་དུས་རབས་གསར་པའི་དཀར་མཛེས་ཆོས་ལུགས་ལས་དོན་ལེགས་པར་བསྒྲུབ་རྒྱུར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས་པ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
