ལྕགས་ཟམ་རྫོང་གི་གཞོན་ནུ་ལོ་ཆུང་ཚོས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བཤད་པའི་ཡུལ་དངོས། གཏམ་རྒྱུད་རྒྱབ་ལྗོངས་གང་ཡིན། ཉེ་ཆར། རྒྱལ་ཡོངས་མི་རིགས་རང་སྐྱོང་ཁུལ་མི་རབས་རྗེས་མའི་ལས་དོན་ལ་སེམས་ཁུར་བྱེད་པའི་བཞུགས་མོལ་ཚོགས་འདུ་དེ་ཞིན་ཅང་དབྱི་ལིར་འཚོགས། གཏམ་བཤད་སྟེགས་བུར་བསྐྱོད་མཁན་ཨང་གསུམ་པ་ནི་རང་ཁུལ་གྱི་མི་རབས་རྗེས་མའི་ལས་དོན་ལ་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཧུའུ་ཏེ་མིང་ཡིན་ལ།ཁོས་དཀར་མཛེས་ཁུལ་གྱི་ཚབ་བྱས་ནས་ཁ་བྱང་ལ《སེ་འབྲུ་ལྟ་བུའི་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བཤད་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་མཉམ་དུ་འཛུགས།》ཞེས་པའི་གཏམ་བཤད་བྱས་པར་ཚང་མས་དགའ་བསུ་ཆེན་པོ་བྱས་ཡོད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཁུལ་མི་རབས་རྗེས་མའི་ལས་དོན་ལ་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས་སྒྲིག་འཛུགས་ཞིབ་ཚགས་དང་བློ་མཐུན་རྒན་གྲས་རྣམས་ཀྱིས་བརྩེ་བ་ཟབ་མོས་སྡུག་རུས་བྱས་པ་དང་། འཐབ་ཕྱོགས་སོ་སོ་དང་སྤྱི་དམངས་ཚང་མས་མི་རིགས་མཐུན་སྒྲིལ་གྱི་ཆེད་དུ་སྡུག་རུས་རྒྱག་བཞིན་ཡོད། དེ་ནི་དཀར་མཛེས་ཁུལ་འཕེལ་རྒྱས་བརྟན་བརླིང་དང་དེང་རབས་ཅན་འཛུགས་སྐྲུན་གྱི་སྟོབས་ཤུགས་ཡིན་པས། ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཁུལ་མི་རབས་རྗེས་མའི་ལས་དོན་ལ་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བཤད་པའི་གཏམ་བཤད་བྱེད་སྒོ་སྤེལ། 2022ལོར། དཀར་མཛེས་ཁུལ་ཨུས“ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུ་གྲུབ་འདུ་ཤེས་བརྟན་པོ་བཅངས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དང་དགོན་པའི་ནང་བསྐྱལ་དགོས”ཞེས་པའི་ལག་ལེན་བྱ་སྤྱོད་གསར་གཏོད་ལག་ལེན་བསྟར་ཏེ་བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་འཛུགས་བྱེད་སྒོ་མུ་མཐུད་གཏིང་ཟབ་ཏུ་བཏང་ཡོད། ཁུལ་མི་རབས་རྗེས་མའི་ལས་དོན་ལ་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས་ཁུལ་ཨུ་ལྷན་གྱི་ཐབས་ཇུས་བཀོད་སྒྲིག་གི་ལྟེ་བའི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཏེ། ཁུལ་ཡོངས་ཀྱིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་རྩ་འཛུགས་ཤིག་ཡིན་པའི་ངོས་ནས་ཇི་ལྟར་བྱས་ནས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁུལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ཚོར་ཁུལ་ཨུའི་ལས་དོན་བཀོད་སྒྲིག་གལ་ཆེན་དེ་དོན་འཁྱོལ་བྱེད་དགོས་པའི་བསམ་གཞིག་བཏང་བ་དང་ཞིབ་དཔྱད་ཡང་ཡང་བྱས་པ་བརྒྱུད་ཐུན་ཚོགས་ཀྱིས“གཏམ་རྒྱུད་བཤད་པ”ནི་སློབ་གསོའི་གཞི་རྟེན་ཡག་ཤོས་ཤིག་ཡིན་པ་གཏན་ཁེལ་བྱས། གོ་དཀའ་བའི་གནས་ལུགས་དང་བསྡུར་ན་བརྩེ་སེམས་ལྡན་པ་དང་ཞིབ་ཕྲའི་གཏམ་རྒྱུད་རེ་རེའི་ཐོག་ནས་མི་རིགས་མཐུན་སྒྲིལ་བཤད་ན་གཞོན་ནུ་ལོ་ཆུང་ཚོའི་སེམས་སུ་དེ་བས་གོ་བདེ་བ་དང་ཕན་ནུས་ལྡན་པ་རེད། ཁ་ཕྱོགས་གསལ་བཏོན་དང་ཁ་དན་ཚིག་གནས་བྱས། ཁུལ་མི་རབས་རྗེས་མའི་ལས་དོན་ལ་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས་རང་འགུལ་ངང་ཁུལ་སློབ་གསོ་ལུས་རྩལ་ཅུས་དང་ཁུལ་མི་རིགས་ཆོས་ལུགས་ཨུ་ལྷན། ཁུལ་ཨུ་ལས་བྱེད་པ་རྒན་གྲས་ཅུས། ཁུལ་འཕྲིན་སྦྱོར་ལྟེ་གནས། གུང་གཞོན་ཚོགས་པ་ཁུལ་ཨུ་སོགས་སྡེ་ཚན་མང་པོ་དང་མཉམ་འབྲེལ་བྱས་ཏེ་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ“གཞོན་ནུ་ལོ་ཆུང་ཚོས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་གཏམ་བཤད”ཅེས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་བཙུགས་པ་རེད། ཁུལ་མི་རབས་རྗེས་མའི་ལས་དོན་ལ་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས་རྩེ་རིམ་ཇུས་འགོད་ནས་འགོ་བཙུགས་ཏེ“རིམ་པ་གསུམ་གྱི་མཉམ་འགུལ་དང་ས་ཁོངས་ཡོངས་སུ་ཁྱབ་པའི”ལས་ཀའི་རྣམ་པ་ཧུར་ཐག་བསྐྲུན་ནས་བྱེད་སྒོར་འགན་སྲུང་བྱས་ཡོད། བྱེད་སྒོ་དེ་ཁུལ་ཡོངས་ཀྱི་ལས་ཁོངས་ལས་དོན་ཨུ་ལྷན་གྱི་ལས་ཀ་གཙོ་བོར་བརྩིས་ནས《བྱེད་སྒོ་ལག་ལེན་ཇུས་གཞི》པར་འགྲེམས་བྱས་ཏེ། “ཆབ་སྲིད་ཀྱིས་སྣེ་ཁྲིད་པ་དང་། རིག་གནས་ཀྱིས་ཤུགས་རྐྱེན་ཐེབས་པ། ལག་ལེན་གྱིས་གསོ་སྐྱོང་བྱས་པ”བཅས་ཀྱི་ཕྱོགས་གསུམ་གཞི་གཅིག་གི་དམིགས་ཚད་ཁ་གསལ་བཟོས་ཡོད། རྫོང(གྲོང་ཁྱེར)ཁག་གིས་འཕྲལ་དུ་དང་ལེན་བྱས་ནས་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གིས་སྣེ་ཁྲིད་པའི་འགོ་ཁྲིད་ཚོ་ཆུང་བཙུགས་ཏེ།“ཏང་ཨུས་འགོ་ཁྲིད་པ་དང་། ཁུལ་མི་རབས་རྗེས་མའི་ལས་དོན་ལ་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས་གཅིག་གྱུར་འཆར་འགོད་བྱེད་པ། སྡེ་ཚན་ཕན་ཚུན་མཐུན་སྦྱོར་བྱེད་པ། སློབ་གྲྭས་གཙོ་འཛིན་བྱེད་པ”བཅས་ཀྱི་ལས་ཀའི་མ་ལག་བཙུགས་ཏེ། བྱེད་སྒོའི་དམིགས་ཡུལ་མི་འཁྲུལ་པ་དང་ཤུགས་འདོན་ཚད་ཇེ་ཉུང་དུ་མི་འགྲོ་བར་འགན་ལེན་བྱས། དཀར་མཛེས་ཁུལ་གྱི་ས་ཁོངས་རྒྱ་ཆེ་ཞིང་སློབ་གྲྭའི་ཁྱབ་ཚུལ་ཁ་ཐོར་ཡིན་པའི་གནས་ཚུལ་ལ་བསམ་གཞིགས་བཏང་ནས་ཁུལ་མི་རབས་རྗེས་མའི་སེམས་ཁུར་ལས་དོན་ཨུ་ལྷན་གྱིས“ཞིབ་ཐོ་རྣམ་པའི་དོ་དམ་དང་རྒྱུན་ལྡན་ཅན་གྱི་ལྟ་ཞིབ་བྱེད་པའི”ལམ་སྲོལ་བཙུགས་ནས་སློབ་གྲྭ་སོ་སོས་ཆེད་དུ་ཇུས་གཞི་བཟོས་བ་དང་། འཛིན་གྲྭ་སོ་སོས་གཙོ་དོན་བྱེད་སྒོ་སྤེལ་པའི་བླང་བྱ་བཏོན་ནས་མཐའ་འཁོབ་གྲོང་སྡེའི་སློབ་གྲྭ་ཡང་བྱེད་སྒོའི་ནང་ཞུགས་ཐུབ་པར་འགན་ལེན་བྱས་ཡོད། ཁུལ་མི་རབས་རྗེས་མའི་ལས་དོན་ལ་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས་སེར་ཤུལ་དང་། གསེར་ཐར། དཔལ་ཡུལ་སོགས་མཐའ་འཁོབ་རྫོང་ཁག་ཏུ་བརྟག་ཞིབ་ཐེངས་མང་བསྐྱོད་དེ་ཡུལ་དངོས་སུ་བྱེད་སྒོ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དཀའ་གནད་ཐག་གཅོད་བྱས་པ་རེད། དུས་མཉམ་དུ་ལས་བྱེད་པ་རྒན་པ་དང་འཐབ་འཛིང་པ་རྒན་པ། ཆེད་མཁས་པ་རྒན་པ། དགེ་རྒན་རྒན་པ། དཔེ་བཟང་མི་སྣ་རྒན་པ་བཅས་ཀྱི་ཆབ་སྲིད་ལེགས་ཆ་དང་སྙན་གྲགས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ“རྒན་པ་རིགས་ལྔ”ཞེས་པའི་དྲིལ་བསྒྲགས་ཚོགས་པ18བཙུགས་ཏེ། ཆ་སྙོམས་ལོ་ཚད65ལས་བརྒལ་བའི་རྒན་རྒོན་ཚོ་ལམ་ཐག་རིང་བ་ལ་མ་འཛེམས་པར་གྲོང་སྡེ(གྲོང་རྡལ)དང་སློབ་གྲྭའི་ཡུལ་དངོས་སུ་བསྐྱོད་ནས་ཕྱོགས་གཅིག་ནས་དམངས་ཁྲོད་དུ་གནས་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་སྔོག་འདོན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་སློབ་མ་རྣམས་ལ་གཏམ་བཤད་བྱ་རྒྱུར་གཅིག་རོགས་གཅིག་གིས་ཟུར་ཁྲིད་བྱས་པ་རེད། གཏམ་རྒྱུད་ཅི་ཞིག་བཤད་པ། ཁུལ་ཡོངས་ཀྱི་སློབ་གྲྭ་དེ་འདྲ་མང་པོ་ཞིག་གི་བྱིས་པ་དེ་འདྲ་མང་པོ་ཞིག་བྱེད་སྒོར་ཞུགས་རྗེས། ཁོ་ཚོར་གཏམ་རྒྱུད་ཅི་ཞིག་བཤད་རྒྱུ་དེ་ནི་ཐོག་མའི་དཀའ་གནད་ཅིག་ཏུ་གྱུར་ཡོད། གྲོས་བསྡུར་ཐེངས་མང་བྱས་པ་བརྒྱུད་ཐུན་ཚོགས་ཀྱིས་ཁ་ཕྱོགས་གསུམ་གཏན་འཁེལ་བྱས་པ་སྟེ་ལོ་རྒྱུས་ཁྲོད་ནས་ཁུངས་འཚོལ་པ་དང་། རིག་གནས་ཁྲོད་ནས་དོན་སྙིང་འཚོལ་པ། དོན་དངོས་ཁྲོད་ནས་རྒྱུན་འཛིན་དར་སྤེལ་བཏང་སྟེ་དེ་དག་ཁྲོད་དུ་མཛའ་བརྩེ་ལྡན་པ་དང་དོན་སྙིང་ལྡན་པ། སེམས་འགུལ་ཐེབས་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་གདམ་གསེས་བྱས་ནས་གཏམ་རྒྱུད་བཤད་རྒྱུར་གཏན་འཁེལ་བྱས། དམར་དམག་ལོ་རྒྱུས་ཀྱི་གཏམ་རྒྱུད་ནི་མི་རིགས་མཐུན་སྒྲིལ་གྱི་རྡོ་རིང་གསོན་པོ་ཞིག། དཀར་མཛེས་ཁུལ་ནི་དམར་དམག་གསར་བརྗེའི་ལོ་རྒྱུས་ལྡན་པའི་ས་ཆ་ཞིག་ཡིན་ཞིང་། དམར་དམག་རྒྱང་སྐྱོད་དཀར་མཛེས་བརྒྱུད་མྱོང་བ་དང་། དམག་དཔུང་རུ་ཁག18བོད་དུ་ཕེབས་པ་སོགས་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་ལས་མི་རིགས་མཐུན་སྒྲིལ་གྱི་རྗེས་ཤུལ་གྲངས་མེད་བཞག་ཡོད། ཁུལ་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས་ལོ་རྒྱུས་དེ་དག་ལ་དམིགས་ཏེ་སྟོབས་ཤུགས་གཅིག་ཏུ་བསྒྲིམས་ནས“སྤྱི་ཁྱབ་སི་ལིང་ཀྲུའུ་ཏེ་དང་དགེ་རྟགས་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་དབར་གྱི་མཛའ་མཐུན”སོགས་གསར་བརྗེའི་གཏམ་རྒྱུད་སྔོག་འདོན་བྱས་ནས་གཞོན་ནུ་ལོ་ཆུང་ཚོར་ལོ་རྒྱུས་ཁྲོད་ནས་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་ཚོར་དུ་འཇུག་དགོས། དཀར་མཛེས་རྫོང་གིས་ཆེད་དུ་བློ་མཐུན་རྒན་པ20བསྡུས་ནས“རྒན་པས་ཕྲུ་གུ་གསོ་སྐྱོང་དྲིལ་བསྒྲགས་ཚོགས་པ”བཙུགས་ནས་ལོ་ཕྱེད་རིང་དམར་དམག་རྒན་གྲས་ཀྱི་རྗེས་རབས་པར་འཚམས་འདྲི་བྱས་པ་དང་ས་གནས་ཀྱི་ལོ་རྒྱུས་དཔྱད་གཞི་ཡིག་རིགས་ལ་ལྟ་ཀློག་བྱས་ཏེ། 《དཀར་མཛེས་རྫོང་གི་དམར་དམག་གསར་བརྗེའི་རིག་གནས་དྲིལ་བསྒྲགས་གནད་བསྡུས》རྩོམ་སྒྲིག་བྱས་ཡོད། དེའི་ནང་དམར་དམག་དང་བོད་རིགས་མང་ཚོགས་ཀྱིས་མཉམ་དུ་ཆུ་རྐ་བརྐོས་པ་དམག་དཔུང་གངས་རི་བརྒལ་དུས་རོགས་བྱས་པ་སོགས་གཏམ་རྒྱུད23བསྡུས་ཡོད་པས། དེའི་ཁྲོད་དམར་དམག་འཐབ་འཛིང་པས་བོད་རིགས་ཨ་མ་ལ་ཟོག་ཁང་བཟོ་རོགས་བྱས་པའི་གཏམ་རྒྱུད་ནི་སེམས་འགུལ་ཚད་མེད་ཐེབས་པ་ཞིག་ཡིན་ཏེ། སྐབས་དེར། དམར་དམག་འཐབ་འཛིང་པ་ཁ་ཤས་གྲོང་སྡེ་བརྒྱུད་སྐབས་བོད་རིགས་ཨ་མ་ཁྱིམ་ཚང་ཞིག་གི་ཟོག་ཁང་གི་ཁང་ཀླད་ནས་ཆར་ཆུ་ཟགས་པ་མཐོང་ཚེ། དམག་བསྐྱོད་ཀྱི་ངལ་དུབ་ལ་ངལ་གསོ་བྱེད་ཁོམ་མེད་པར་མཚན་གང་པོར་ཁང་ཀླད་སྟེང་འགེབས་བྱེད་ཀྱི་ཤིང་བཅད་ནས་བོད་རིགས་ཨ་མ་ཁྱིམ་ཚང་དེའི་ཟོག་ཁང་ནང་ཆར་ཆུ་ཟགས་མི་ཐུབ་པར་བྱས་པས་མ་ཚད། ཁ་བྲལ་དུས་ཁོ་ཚོས་བོད་རིགས་ཨ་མར་ནས་ཁུག་མ་ཕྱེད་ཀ་བཞག་པ་རེད། བོད་རིགས་ཨ་མ་ཡང་ཁོ་ཚོས་མི་རྟོགས་ས་ནས་ཁོ་ཚོའི་ཁུག་མའི་ནང་དུ་ཟོག་ཤ་སྐམ་པོ་བཅུག་པ་རེད། དེ་འདྲའི་གཏམ་རྒྱུད་ཕལ་པ་རེ་རེའི་ཁྲོད་ནས་དམར་དམག་གི་ངོ་མཚར་ཆེ་བ་དང་སེམས་འགུལ་ཐེབས་པའི་གཏམ་རྒྱུད་མང་པོ་ཞིག་ཤེས་ཐུབ། གཟུགས་མེད་རིག་གནས་ཤུལ་བཞག་གི་གཏམ་རྒྱུད་བརྒྱུད་འཛིན་ཁྲོད་ནས་མཉམ་འདྲེས་ལས་ཐོབ་པའི་བློ་གྲོས་ཤེས་རྟོགས་བྱུང་། དཀར་མཛེས་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་ནི་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་འབྲས་བུ་ཞིག་ཡིན། ཁུལ་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས་བོད་རིགས་ཀྱི་བྲོ་གཞས་དང་། དབྱི་རིགས་ཀྱི་རྩི་ཆས། ཆང་རིགས་ཀྱི་མཁར་རྫོང་སོགས་གཟུགས་མེད་རིག་གནས་ཤུལ་བཞག་ཟུང་འབྲེལ་བྱས་ཏེ། “མི་རིགས་མང་པོའི་བཟོ་པ་རྣམས་ཀྱིས་སྡེ་དགེ་དཔར་ཁང་མཉམ་དུ་བརྐོས་པ”དང“བོད་རྒྱ་སྒྱུ་རྩལ་པས་ཟུང་འབྲེལ་གྱིས་སྐོར་བྲོ་བརྩམས་པ”སོགས་རིག་གནས་མཉམ་འདྲེས་ཀྱི་གཏམ་རྒྱུད་སྔོག་འདོན་བྱས་ནས་ཕྲུ་གུ་ཚོས་རིག་གནས་བརྒྱུད་འཛིན་ཁྲོད་མི་རིགས་མཐུན་སྒྲིལ་གྱི་གོ་རྟོགས་ཤེས་སུ་བཅུག། བརྒྱད་ཟིལ་རྫོང་གི་དགེ་རྒན་ཐུན་ཚོགས་ཀྱིས་དེ་བས་འབད་བརྩོན་ཆེན་པོ་བྱས་ཏེ་ཟླ་བ་གསུམ་གྱི་རིང་གནའ་བོའི་ཇ་འདྲེན་བདལ་ལམ་འགྲམ་རྒྱུད་ཀྱི་གྲོང་སྡེ28ལ་འཚམས་འདྲིར་བྱས་ནས་སྒྱུ་རྩལ་པ་རྒན་པ་དང་ཚོང་པ་རྒན་པ་རྣམས་ཀྱིས་འདས་ཟིན་པའི་གཏམ་རྒྱུད་བཤད་པར་ཉན་ཏེ“རྒྱ་རིགས་དང་བོད་རིགས་ཚོང་པས་ཕན་ཚུན་སྐད་རིགས་སྦྱོང་པ”དང“དབྱི་རིགས་དང་བོད་རིགས་གཉིས་མཉམ་པོས་ས་ཚུགས་སྲུང་པ”སོགས་གཏམ་རྒྱུད32ཙམ་ལེགས་སྒྲིག་བྱས་པ་རེད། དེང་སང་ཉེ་འཁོར་གྱི་འཚོ་བའི་ཁྲོད་སེམས་འགུལ་ཐེབས་པའི་གཏམ་རྒྱུད་ཆུང་ངུ་ནས་བཤད་དགོས། ལོ་རྒྱུས་དང་རིག་གནས་ལས་ཁུལ་མི་རབས་རྗེས་མའི་ལས་དོན་ལ་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས་ད་སྔའི་འཚོ་བའི་ཁྲོད་ནས་གཏམ་རྒྱུད་འཚོལ་སྡུད་བྱ་རྒྱུར་དེ་བས་མཐོང་ཆེན་བྱེད་བཞིན་ཡོད། དཔེར་ན། ལྷག་བསམ་ཟོལ་མེད་ཀྱི་ཁ་གཏད་རོགས་སྐྱོར་དང་། དབུལ་ཐར་འགག་སྒྲོལ་གྱི་རོགས་རམ་དང་། ཡོམ་འགོག་གེགས་སེལ་ཁྲོད་ཕན་ཚུན་རོགས་རམ་དང་། སློབ་གྲྭ་ནང་གི་དགེ་སློབ་དབར་གྱི་མཛའ་གྲོགས་སོགས་ཉེ་འགྲམ་དུ་བྱུང་དང་འབྱུང་བཞིན་པའི་མིག་མཐོང་ལག་ཟིན་གྱི་འཚོ་བའི་དངོས་ཀྱི་གཏམ་རྒྱུད་རེ་རེ་ལས་ཕྲུ་གུ་ཚོས་དེ་བས་གོ་བདེ་རེད། སྡེ་རོང་རྫོང་གི《ལྡིང་ཆུ་འགྲམ་གྱི་ལམ་སྐོར་ཁྱིམ་བདག་ཚོགས་འདུ》ནི་ཀྲེ་ཅང་གི་རོགས་སྐྱོར་དགེ་རྒན་དང་བོད་རིགས་ཁྱིམ་བདག་དབར་གྱི་མཛའ་བརྩེ་ལྷད་མེད་ཀྱི་གཏམ་རྒྱུད་བརྗོད་ཡོད། ལྕགས་ཟམ་རྫོང་གི《ས་ཡོམ་ལ་སྙིང་རྗེ་མེད་རུང་མི་སེམས་ལ་དྲོད་ཁོལ་ལྡན》ཞེས་པ་ནི“9·5”ལྕགས་ཟམ་ཁ་ས་ཡོམ་ཁྲོད་དུ་སེམས་འགུལ་ཐེབས་པའི་གཏམ་རྒྱུད་ཕལ་པ་བརྗོད་པ་ཞིག་ཡིན། ལྕགས་ཟམ་རྫོང་སློབ་འབྲིང་གཉིས་པའི་སློབ་གཙོ་སྔོན་མ་ཀུའེ་ཧྲི་ཀང་གིས་སེམས་འགུལ་ཆེན་མོ་ཐེབས་པའི་སྒོས་ས་ཡོམ་ཁྲོད་བྱུང་བའི་ཡིད་སེམས་འགུག་པའི་གཏམ་རྒྱུད་དེ་དག་ནི་དངོས་མེད་སྒྲོ་བཏགས་བྱས་པ་ཞིག་གཏན་ནས་མིན། ངས་དངོས་སུ་མཐོང་མྱོང་བྱུང་བ་ཤ་སྟག་ཡིན་ཞེས་བཤད། ཀུའེ་ཧྲི་ཀང་ལྟ་བུའི་དཔེ་མཚོན་དེ་འདྲ་ཁུལ་ཡོངས་སུ་ད་དུང་མང་པོ་ཡོད་མོད། རྒྱུ་ཆ་བསྡུ་རུབ་བྱས་རྗེས། སློབ་གྲྭ་ཁག་གི་དགེ་རྒན་དང་སྤྱི་ཚོགས་ཁྲོད་ཀྱི་རྩོམ་པ་པོ་མཉམ་པོ་ངང་ལོ་ཚོད་མི་འདྲ་བའི་སློབ་མའི་གོ་བ་ལེན་པའི་ནུས་པ་མི་འདྲ་བར་གཞིགས་ནས་གཏམ་རྒྱུད་ལ་གོ་བ་ལེན་སྟངས་ཐད་མཐོ་དམའ་འབྲིང་གསུམ་གྱི་རིགས་ཕྱེ་སྟེ་ཕྲུ་གུ་ཚོས་རང་ནུས་ཅི་ལྕོགས་ཀྱིས“མཐུན་སྒྲིལ་གཏམ་རྒྱུད”ལ་གོ་བ་ལོན་ཅི་ཐུབ་བྱས་ཡོད། གཏམ་རྒྱུད་ཅི་འདྲ་བཤད་པ། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཏན་ཏན་ཏིག་ཏིག་སེམས་ནང་ཁྱབ་ཐུབ་པའི་ཆེད། ཁུལ་མི་རབས་རྗེས་མའི་ལས་དོན་ལ་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས་སྲོལ་རྒྱུན་གཏམ་བཤད་ཀྱི་རྣམ་པ་བསྒྱུར་ནས“ཉམས་ལེན་རྣམ་པའི་སློབ་སྦྱོང་དང་། མཉམ་འགུལ་རྣམ་པའི་ནང་ཞུགས། ས་ཁོངས་བརྒལ་བའི་སྤེལ་རེས”བཅས་ཀྱི་ཐབས་ལམ་ཆེན་པོ་གསུམ་གསར་དུ་བཏོན་ཏེ། མི་རིགས་མཐུན་སྒྲིལ་སློབ་གསོ་དེ་གོ་དཀའ་བའི་ཐ་སྙད་ཙམ་ནས་ཕྲུ་གུ་ཚོས་མིག་མཐོང་ལག་ཟིན་དང་། ནང་དུ་ཞུགས་ཐུབ་པ། ལག་ལེན་བསྟར་ཐུབ་པའི་དོན་དངོས་ཀྱི་བྱ་བ་ཞིག་ཏུ་གྱུར་ཡོད། ཡུལ་དངོས་ཉམས་ལེན་བྱས་ནས་ལོ་རྒྱུས་ཀྱི་གཏམ་རྒྱུད་བསྐྱར་དུ་འཆར་བ། འབའ་ཐང་རྫོང་གིས《དམར་དམག་དཔུང་ཁག་བཅོ་བརྒྱད་དང་མཐུན་སྒྲིལ་མོག་མོག》ཞེས་པའི་གཏམ་བཤད་ཁྲོད་ཆེད་དུ་ཉི་གཞོན་སྒྱུ་རྩལ་ཚོགས་པ་གདན་འདྲེན་ཞུས་ནས་རང་ཉིད་ཀྱིས་རྩོམ་སྒྲིག་བྱས་པའི་འབའ་གཞས་རོལ་དབྱངས་དཀྲོལ་པ་དང་། དམག་དཔུང་རུ་ཁག་བཅོ་བརྒྱད་པའི་དམར་དམག་དང་བོད་རིགས་མང་ཚོགས་ཚོ་དང་མཉམ་དུ“མཐུན་སྒྲིལ་མོག་མོག”བཟོ་ཚུལ་འཁྲབ་སྟོན་བྱས་པས། དེ་གའི་ལྟད་མོ་བ་རྣམས་ལ་སེམས་འགུལ་ཆེན་མོ་ཐེབས་པར་མ་ཟད་དགའ་བསུ་ཡང་ཆེན་པོ་ཐོབ་ཡོད། རོང་བྲག་རྫོང་གིས་སློབ་མ100ལྷག་བསྡུས་ནས་དམར་དམག་རྒྱང་སྐྱོད་གྱི་ལམ་ལ་བསྐྱར་དུ་བསྐྱོད་པའི་བྱེད་སྒོ་སྤེལ་ཏེ། བྱེད་སྒོ་ཁྲོད་དུ“རྒན་གྲས་རིགས་ལྔ”ཡིས་རྒྱང་སྐྱོད་ཀྱི་གཏམ་རྒྱུད་བཤད་པར་ཉན་པ་དང་། བོད་རིགས་ཞིང་པ་ཚོ་དང་མཉམ་དུ་ནས་འདེབས་སྟངས་སློབ་པ། སློབ་གྲོགས་ཚོ་དང་མཉམ་དུ་དམར་དམག་གསར་བརྗེའི་གླུ་དབྱངས་བླངས་པ། བྱེད་སྒོ་ནང་བཞུགས་པའི་དགེ་སློབ་ཡོངས་ལ་བློ་སེམས་ཆེན་པོ་བསྐྱེད་པ་དང་དགའ་བསུ་ཡང་ཆེན་པོ་ཐོབ་ཡོད། ས་ཁོངས་བརྒལ་བའི་སྤེལ་རེས་བྱས་ནས་མཐུན་སྒྲིལ་གྱི་ས་བོན་ས་ཁོངས་བརྒལ་ནས་མྱུ་གུ་སྐྱེས། “རྒྱལ་དར་སློབ་སྦྱོང”གི་སྟེགས་བུའི་ཐོག་བཀོད་པའི་རོང་བྲག་རྫོང་གི་སློབ་མས་བྲིས་པའི་འཕྲིན་ཡིག《ང་ཚོའི་སློབ་གྲྭ་ནང་གི་སྐར་ལྔའི་དར་དམར》ནང་བོད་རིགས་སློབ་གྲོགས་ཡིན་ན་འདྲ། རྒྱ་རིགས་སློབ་གྲོགས་ཡིན་ན་འདྲ། ཉིན་མ་རེ་རེའི་ཞོགས་པར་ང་ཚོ་རང་རང་སོ་སོའི་སློབ་གྲྭ་ནས་མཉམ་དུ་རྒྱལ་དར་བསྒྲེངས་པ་འདྲ་འདྲ་རེད། བོད་ཡིག་སློབ་ཚན་ཡིན་ན་འདྲ། རྒྱ་ཡིག་སློབ་ཚན་ཡིན་ན་འདྲ། ང་ཚོས་ནན་ཏན་གྱིས་ཉན་སྲིད། གང་རེད་ཟེར་ན། ང་ཚོ་ཚང་མ་ཀྲུང་ཧྭ་མི་རིགས་ཡིན་པ་དང་། ང་ཚོའི་སློབ་གྲྭ་ཚང་མར་གཅིག་མཚུངས་ཀྱི་སྐར་ལྔ་དར་དམར་ཡོད་ཅེས་ཤ་ཚ་ལ་སྙིང་རྗེ་བའི་ཡི་གེ་བྲིས་ཡོད། གཙོ་དོན་བྱེད་སྒོ་སྤེལ་ནས་ཕྲུ་གུ་ཚོ“མཐུན་སྒྲིལ་ཁྱབ་སྤེལ་གྱི་ཕོ་ཉ”བྱེད་མཁན་གྱུར། སློབ་མའི་ཧུར་བརྩོན་རང་བཞིན་དང་གཟི་བརྗིད་ཀྱི་འདུ་ཤེས་ཆེ་རུ་གཏང་ཆེད། ཁུལ་མི་རབས་རྗེས་མའི་ལས་དོན་ལ་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས་ལོ་ལྟར་རྫོང(གྲོང་ཁྱེར)ཁག་གི་གཏམ་བཤད་འགྲན་བསྡུར་ཁྲོད་སློབ་མ་ཕུལ་བྱུང་ཅན་གདན་འདྲེན་ཞུས་ནས་རྒན་གཞོན་ཚང་མས་ཏང་གི་བཀའ་དྲིན་ལ་བསྟོད་གླུ་ལེན་པ་དང་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་དུ་འབྲི་ཞེས་པའི་དབྱར་སྒར་གྱི་བྱེད་སྒོ་སྤེལ། མི་དེ་བས་མང་བ་ཞུགས་རྒྱུར་སྐུལ་མ་གཏང་ཆེད། ཁུལ་མི་རབས་རྗེས་མའི་ལས་དོན་ལ་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས་གཏམ་བཤད་བྱེད་སྒོའི་ཁྲོད་གྲུབ་འབྲས་ཕུལ་བྱུང་ཐོབ་པའི་མཛུབ་ཁྲིད་དགེ་རྒན་དང་སློབ་མར་བསྔགས་བརྗོད་བྱས་པ་དང་བྱ་དགའ་སྤྲད་པ་རེད། ཆབས་ཅིག་ཏུ་ཁུལ་ཡོངས་ནས་ཡར་ཞུ་བྱས་པའི་རྩོམ་ཡིག་ཁྲོད་ནས་ཕུལ་བྱུང་བརྩམས་ཆོས་བདམས་ཏེ《དཀར་མཛེས་ཁུལ་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་གཏམ་རྒྱུད་ཕྱོགས་བསྡུས》ཕྱོགས་བསྡུས་བྱས་ནས་སློབ་གྲྭ་ཚང་མར་འགྲེམས་སྤེལ་བྱས་ནས་གཏམ་རྒྱུད་དེ་དག་ཡུན་རིང་པོའི་སློབ་གསོ་རྒྱུ་ཆ་ཞིག་ཏུ་འགྱུར་བར་བྱས་ཡོད། རྨང་གཞི་བརྟན་པོ་བཙུགས་པ། གཏམ་བཤད་ཐེངས་གཅིག་བཤད་པར་དུས་ཡུན་སྐར་མ་ཁ་ཤས་ལས་མི་དགོས་པས། གལ་ཏེ་བྱེད་སྒོ་དེ་གཏམ་བཤད་བཤད་ཚར་རྗེས་བརྗེད་དུ་འགྲོ་ན་མི་རིགས་མཐུན་སྒྲིལ་སློབ་གསོའི་དོན་སྙིང་མེད་པར་འགྱུར་སྲིད་པར་དམིགས་ཏེ། ཁུལ་མི་རབས་རྗེས་མའི་ལས་དོན་ལ་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས་དང་ཐོག་ནས་དམིགས་འབེན་ཁ་གསལ་བཟོས་ཡོད་པ་སྟེ། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་གཏམ་བཤད་པ་ཙམ་མ་ཡིན་པ་སློབ་གྲྭ་དང་ཁྱིམ་ཚང་། རྒྱུན་ལྡན་གྱི་འཚོ་བ་ནང་ཁྱབ་ཐུབ་རྒྱུ་ནི་གཙོ་བོ་ཡིན། འཕྲིན་སྦྱོར་གྱིས་བརྒྱུད་བསྒྲགས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཀྱི་ཁྱབ་ཚད་ཇེ་ཡངས་སུ་བཏང་། བྱེད་སྒོའི་ཤུགས་རྐྱེན་རྒྱ་ཆེར་གཏང་ཆེད། ཁུལ་མི་རབས་རྗེས་མའི་ལས་དོན་ལ་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས《དཀར་མཛེས་ཉིན་རེའི་ཚགས་པར》དང་མཉམ་འབྲེལ་བྱས་ནས་སེ་འབྲུའི་མེ་ཏོག་བཞད་ཅེས་པའི་ཆེད་བསྒྲིགས་ལེ་ཚན་གསར་གཏོད་བྱས་ཏེ་སྔ་རྗེས་སུ་ཕུལ་བྱུང་གཏམ་རྒྱུད100ལྷག་བསྟུད་མར་བཀོད་ནས་ཁུལ་ཡོངས་ཀྱི་མང་ཚོགས་ཚང་མས་བརྩེ་སེམས་ལྡན་པའི་གཏམ་རྒྱུད་དེ་དག་ཀློག་ཐུབ་པར་བྱས་པ་དང་། ཁུལ་དང་རྫོང་(གྲོང་ཁྱེར)ཁག་གི་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱིས་བརྙན་ཐུང་དང་ཐད་གཏོང། ཆེད་དོན་རྣམ་པའི་ཁྱབ་སྤེལ་མ་ལག་བཙུགས་ནས་སློབ་མའི་གཏམ་བཤད་བརྙན་ཐུང་ལ་གཅོད་སྒྲིག་བྱས་ཏེ་འཁྱུག་དབྱིངས་དང་བརྙན་ཐུང་སོགས་སྟེགས་བུའི་ཐོག་བརྒྱུད་སྤྲོད་བྱས་ཡོད། སློབ་གྲྭའི་རིག་གནས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་སློབ་གྲྭའི་འཁོར་ཡུག་ཀུན་ཏུ་ཁྱབ་ཏུ་བཅུག། ཁུལ་མི་རབས་རྗེས་མའི་ལས་དོན་ལ་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས་ཁུལ་ཡོངས་ཀྱི་སློབ་གྲྭས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་རྒྱུན་ལྡན་གྱི་འཚོ་བ་དང་འདྲེས་དགོས་པ་བཀོད་སྒྲིག་བྱས། ཁྱིམ་དང་སློབ་གྲྭ་མཉམ་འགུལ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཁྱིམ་ཚང་དུ་ཁྱབ་ཐུབ་པ་བྱས། ཕྲུ་གུ་ཞིག་ལ་སློབ་གསོ་བཏང་ན་ཁྱིམ་ཚང་ཞིག་ལ་སྐུལ་ཁྲིད་བྱ་ཐུབ། ཁྱིམ་ཚང་ཞིག་ལ་ཤུགས་རྐྱེན་ཐེབས་ན་མང་ཚོགས་གང་མང་ཞིག་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་འདུ་ཤེས་འདི་འདྲ་ཞིག་ལ་གཞིགས་ཏེ། ཁུལ་མི་རབས་རྗེས་མའི་ལས་དོན་ལ་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས“གཏམ་རྒྱུད་ཁྱིམ་ཚང་དུ་སྐྱེལ་པའི”བྱེད་སྒོ་སྤེལ་ནས་སློབ་མས་སློབ་གྲྭ་ནས་ཐོས་པ་དང་ཤེས་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཁྱིམ་བདག་ལ་བཤད་རྒྱུར་སྐུལ་ལྕག་བྱས་ཡོད། དེང་སང་། མི་རིགས་མཐུན་སྒྲིལ་གྱི་ས་བོན་དཀར་མཛེས་ཁུལ་གྱི་གཞོན་ནུ་ལོ་ཆུང་ཚོའི་སེམས་སུ་མྱུ་གུ་སྐྱེས་ནས་མེ་ཏོག་བཞད་ཡོད། ཧུའུ་ཏེ་མིང་གིས་ཞིན་ཅང་དབྱི་ལིར་གཏམ་བཤད་སྤེལ་སྐབས་གཏམ་རྒྱུད་ཆུང་ཆུང་གིས་ནུས་པ་ཆེན་པོ་ཐོན་ཡོད། མི་རིགས་ས་ཁུལ་ཞིག་ཡིན་པའི་ངོས་ནས་བཤད་ན། གཞོན་ནུ་ལོ་ཆུང་གི་བསམ་བློ་ཆབ་སྲིད་ལས་དོན་དམ་འཛིན་དང་། ཀུན་སྤྱོད་འཛུགས་སྐྱོང་དང་མི་གསོ་སྐྱོང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་རྒྱུ་ནི་དོན་དག་ཆུང་ཆུང་ནས་འགོ་བརྩམ་དགོས། ཆུང་དུས་ནས་མི་རིགས་མཐུན་སྒྲིལ་གྱི་ས་བོན་བཏབ་ན། ཆེ་དུས་མི་རིགས་མཐུན་སྒྲིལ་གྱི་འབྲས་བུ་གཡུར་དུ་ཟ་བ་ལོན་ཐུབ་པར་ཐེ་ཚོམ་མེད་ཅེས་བཤད། ཧུའུ་ཏེ་མིང་གི་གཏམ་བཤད་ཁྲོད“རྒན་གྲས་རིགས་ལྔ”ཡིས་མི་རབས་རྗེས་མར་གཅེས་སྐྱོང་བྱེད་པར་ཡིད་ཆེས་ཀྱིས་ཁེངས་ཡོད།། ( སྐལ་བཟང་རྒྱ་མཚོས་བསྒྱུར།)
Copyright 甘孜日报数字报刊|所有内容为甘孜日报社版权所有.未经授权不得复制转载或建立镜像>
