国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དགེ་སློབ་བར་གྱི་སྙིང་གཏམ།

ཁྱེད་ཀྱི་གླུ་སྐད།

ལོ་ད་ཆུང་སྣང་བ་རང་ཡན་དུ་ཡོད་དུས།།

རྐང་རྐ་ལག་བདེ་མྱུར་འཁྱུག་རྩལ་ཞིག་ཡོད་དུས།།

རྩེད་མ་བཅུག་ཁྱེད་ཅག་སློབ་གྲྭ་རུ་བསྒྲིགས་ཏེ།།

དུས་འདའ་བ་སེམས་རྩར་སྐྱོ་སྣང་ཞིག་ཡོད་ཀི།

ཡང་མ་སོང་རི་ལུང་ཁྱི་ལྡོམ་བཞིན་འཁྱམས་ནས།།

སྡེ་ཡུལ་ལུང་རྐུན་འཕྲོག་འཛིང་རྩོད་ཀྱིས་འདའ་ན།།

དེའི་རོག་ལ་ཤེས་བྱ་རིག་གནས་ཀྱི་སློབ་ར།།

སོང་ཡོད་པ་དོན་གོ་ཆོད་འདུག་ཅིག་བསམ་བྱུང་།།

དེ་བསམ་རུང་ཤེས་བྱ་རིག་གནས་ཀྱི་གདེང་ཚོད།།

སྒོས་མི་གཞི་ཀུན་སྤྱོད་སློབ་གསོ་ཡི་ལམ་སྟོན།།

གྲི་རྣོ་མེད་རུས་སྟེང་གཡུག་གཡུག་ལ་དཔེ་བཞག།

དོན་དམ་པ་ཆོད་མིན་དོགས་པ་ཞིག་སྐྱེས་ཀི།།

ད་དེ་འདྲ་ཡིན་ན་ཕ་མའི་ཞལ་སྔ་རུ་བསྡད་དེ།།

རྟ་ནོར་ལུག་རྨིག་རྗེས་གོམ་སྟབས་ཀྱིས་བསྙེགས་ཏེ།།

ཞིང་གྲུ་བཞི་རྨོ་འདེབས་ནམ་ཚོད་ཅིག་བཟུང་ནས།།

དྲིན་ཕ་མ་གཡོག་ན་དེས་དགའ་གཅིག་བསམ་བྱུང་།།

ཤ་ཚ་ལེ་ཕ་མ་དྲིན་ཆེན་གྱི་བསམ་པ།།

སེམས་བུ་རྒྱུད་ཐོགས་ཐོགས་སུ་ཞིག་ལ་ཐོགས་ཏེ།།

སྐྱིད་རང་ལག་གོར་གོར་མར་ཁུ་བཞིན་འཁྱིལ་བ།།

དེ་བསམས་ནས་ཁྱེད་ཅག་སློབ་གྲྭ་ལ་བཏང་ཟིན།།

དེ་བཏང་རུང་ཁྱེད་ཚོས་རང་བསམ་ནི་མི་གཏོང་།།

སྦྱོང་དགོས་རྒྱུ་རིག་གནས་ལག་ཤེས་ནི་མི་འབད།།

དེ་མི་དགོས་མ་རབས་བྱ་སྤྱོད་ཀྱིས་བསྒྱུར་ན།།

ལས་ངན་པ་ཕ་མ་དྲིན་ཆེན་ཚོ་རེད་བསམ།།

ཉིན་མིག་གིས་ཟིན་ཟིན་གསོག་འཇོག་ཅིག་བྱས་ཏེ།།

མཚན་རྣ་བས་ཐོས་ཐོས་རང་འདོད་ཅིག་བྱས་ཏེ།།

ཟ་མ་བྲ་ཡོང་སྒོ་ཁྱེད་ཚོ་ལ་བསྐུར་ན།།

ད་ཁྱེད་ཚོས་མགྲོན་ཁ་རྩེད་གཡེང་གིས་ཟད་འགྲོ།།

དེ་ཟད་རུང་ཁྱེད་ཚོས་དཀའ་ངལ་དེ་མི་དྲན།།

ཟ་གང་འདོད་གང་འགྲོར་ཅི་དགའ་རེ་བྱས་ནས།།

རང་མི་བསམ་རོགས་ཀྱང་རྣམ་གཡེང་དུ་ཁྲིད་དུས།།།

ལས་རྒྱུ་འབྲས་མེད་འདིར་འཇིགས་སྣང་རེ་སྐྱེས་ཀི།

ལས་རྒྱུ་འབྲས་བཤད་དུས་རང་སྟེང་ལ་ཁ་བསྐོར།།

དུས་ད་སྔོན་བསྐྱངས་པའི་སློབ་མ་ཡི་གྲངས་ཀ།

སྟོང་གཉིས་ཙམ་ཟིན་མོད་དེ་དག་གི་རྒྱུད་ལ།།

ཕན་ཡོད་མེད་དོགས་པའི་ན་བུན་ཞིག་འཁྲིགས་བྱུང་།།

ཤེས་ཟེར་ན་རྫུན་རེད་ཡོད་ཚད་དེ་མི་ཤེས།།

ཡང་མི་ཤེས་ཟེར་ན་ཅུང་ཙམ་རེ་ཤེས་མོད།།

དེ་སློབ་མ་རེ་རེའི་བློ་འབྱེད་ཀྱི་ལྡེའུ་མིག།

འགྱུར་ཡོད་མིན་གདེང་སྤོབས་ད་དུང་ཡང་མི་འདུག།

དཔའ་མེད་རུང་དམག་སྔོན་བུ་རྟ་གཉིས་ལྷུང་དུས།།

གྲི་མི་འཕྱར་ཕྱི་ནུར་འགྲོ་ས་ནི་མེད་ཀི།།

དེ་ཡིན་ན་ཤེས་ཚོད་ལྷག་བསམ་གྱི་འོ་མ།།

གང་འཐུང་འཐུང་བླུད་བླུད་ད་དུང་ཡང་དེ་ཡིན།།

ནངས་སྔ་ལངས་དགོང་ཀར་ཕྱི་ཉལ་རེ་བྱས་བྱས།།

དབྱར་དགུན་དུས་ཚ་གྲང་གྲངས་མེད་ཅིག་མྱོང་མྱོང་།།

གཞོན་ད་དར་ལང་ཚོ་སློབ་ར་ནས་རྒས་པའི།།

ཡང་ཁྱེད་ཅག་རིག་ན་ཤ་ཚ་ཡང་སྐྱེས་ཀི།།

སྒྲིག་མ་བསྲུང་ཟེར་ནས་ཆད་པ་ཞིག་འཁུར་དགོས།།

རྒྱུགས་མ་འཕྲོད་ཟེར་ནས་སེམས་སྡུག་ཅིག་འཁུར་དགོས།།

ཤེས་མི་འདུག་ཟེར་ནས་གཤེ་གཤེ་ཞིག་མྱང་དགོས།།

ཁག་ཅི་ཡོད་ཁྱེད་ཚོ་དཀའ་ལས་ཀྱང་ཆེ་ཀི།།

ཡང་དཀའ་ལས་ཆེ་སོང་མི་དགོས་ནི་མི་ཕོད།།

དུས་དེང་སང་རང་ཁ་རང་ལག་གིས་གསོ་དགོས།།

གསོ་དགོས་ན་ཤེས་རིག་ལག་ཤེས་རེ་དགོས་ཀི།།

དེ་དགོས་ན་དཀའ་སྤྱད་དཀོན་ཚགས་རེ་དགོས་ཀི།

ད་ཚང་མ་ཤ་ཚ་སེམས་ཚེགས་རེ་ཆེ་ཀི།།

དེ་ཆེ་རུང་མིག་རྒྱང་རིང་རིང་ཞིག་བྱས་ཏེ།།

སྟག་ཤ་ར་རི་གསུམ་ལུང་གསུམ་དུ་སོང་ན།།

གཏམ་སྙན་གྲགས་སང་གྲག་གནངས་གྲག་ཅིག་དགོས་ཀི།།

མི་ཆུང་རུང་སེམས་པ་ཨ་དཀར་གྱི་ལུག་ཆུང་།།

ཡུལ་རོང་འབྲོག་གཅེས་པའི་ན་གཞོན་གྱི་ཚོགས་ལ།།

སེམས་བསམ་པའི་སྲི་ཞུ་སློབ་གསོ་རེ་ཕོག་ན།།

དྲིན་ཨ་མས་གསོས་པའི་དོན་གོ་དེ་རེད་བསམ།།

སྒོས་ང་དང་འབྲེལ་བའི་དགེ་སློབ་ཀྱི་ལས་དབང་།།

ཕ་ཨ་མྱེ་རིང་གི་རིག་གནས་དང་འབྲེལ་བའི།།

གཞོན་ད་སྐྱེས་མེ་ཏོག་ཡག་ཡག་འདྲ་ཁྱེད་ཚོ།།

ཡུལ་ཕ་མ་དགའ་བའི་མཆོད་རྫས་རེར་འགྱུར་སྨོན།།

འགྲོ་སའི་རྡོ་གཅལ་ལམ་ཡང་གཅིག་པ་རེད།།

སྡོད་སའི་ཁང་པའི་སྤྱིལ་ཡང་གཅིག་པ་རེད།།

སྔ་ཕྱི་ཟ་མ་བཟའ་སའི་འདུག་སྟེགས་ཀྱང་།།

བར་ཁྱམས་གཅིག་གི་བར་ཐག་མ་གཏོགས་མེད།།

དཔྱིད་འགོའི་མེ་ཏོག་བཞད་དུས་མཉམ་དུ་ཡོད།།

དགུན་འཁྱག་ཁ་རླུང་འདྲེས་དུས་མཉམ་གྲང་རེད།།

ར་བ་གཅིག་གི་ནང་གི་ཉི་ནུབ་ཀྱང་།།

ཕལ་ཆེར་མཐོང་ན་མཉམ་མཐོང་ཡིན་ངེས་ཡོད།།

འོན་ཀྱང་ང་ཡིས་ཁྱེད་རང་ངོ་མི་ཤེས།།

མི་ཤེས་མ་ཚད་མཐོང་ཡང་མ་མྱོང་བ།།

བག་ཆགས་སེམས་ཀྱི་སྒེའུ་ཁུང་ཁྲ་བོ་ལ།།

རྡུལ་གྱི་ཆ་ཡང་མ་བསྐུས་གསལ་པོ་རེད།།

སྲོད་ལ་ཉི་མའི་ཁ་ཞུན་རི་རྩེ་ན།།

དམར་ལ་འོད་ཀྱིས་ཕྱུག་པའི་དགོང་ཀ་དེར།།

བསིལ་བའི་རླུང་ལྡང་ཆར་པས་བརླན་པ་ཡིས།།

ལུས་ཀྱི་གྲང་རེག་སེམས་ཀྱིས་ཐུབ་མ་བྱུང་།།

རེ་ཞིག་སྐྱོ་བའི་མགོ་བོ་གུག་བྱས་ཏེ།།

སུན་པའི་སྣང་བ་ས་ཆུ་ཐུར་བཞུར་ཚེ།།

ཁྱེད་ཀྱི་སྐད་རེད་མ་རེད་ཅི་ཞིག་གམ།།

བདག་ཡིད་ཀུ་མུད་འདབ་མ་ཕྱོགས་བཅུར་བཞད།།

རང་བྱུང་ངག་གི་སྒྲ་རྡུལ་རླུང་ལ་ཞོན།།

སྒྱུ་མའི་གར་གྱིས་མཉེན་ལྕུག་རྣ་དབང་དུ།།

འགོག་མེད་ཚོར་བའི་མྱོང་བྱེད་ཤེས་པ་ཡང་།།

སིལ་སིལ་འཐོར་ཞིང་ཕྱོགས་དང་ཕྱོགས་སུ་གྲམ།།

གླུ་ཚིག་གཅིག་ལ་ངག་གིས་སྐྱོར་བ་ཡིན།།

ཚིག་གི་དོན་ཁྲོལ་རྨོངས་པའི་དྲེགས་པ་གཞོམ།།

དབྱངས་ཀྱིས་བསྒྱུར་ཅིང་རིང་དུ་གྱེར་བ་ཡིས།།

སྙན་པ་རུས་གསེང་སྣུམ་ལྟར་ཞེན་ཞིང་སིམ།།

དེ་ལྟར་ཁྱེད་ནི་དབྱངས་ཅན་ལྷ་ཡི་སྲས།།

བདག་འདྲའི་མོས་དད་ཅན་གྱི་བགོ་སྐལ་ལ།།

དངོས་གྲུབ་མཆོག་གི་ཚུལ་དུ་གནངས་བ་ལ།།

དཔྱོད་ཤེས་བདག་ཀྱང་འཕྱང་མོའི་གནས་སུ་ལྷུང་།།

འགྲོ་སའི་རྡོ་གཅལ་ལམ་ཡང་གཅིག་པ་རེད།།

སྡོད་སའི་ཁང་བའི་སྤྱིལ་ཡང་གཅིག་པ་རེད།།

ང་ཡིས་ཁྱེད་རང་ཤིན་ཏུ་ངོ་ཤེས་པས།།

རྟག་ཏུ་མཐོང་ན་དགའ་བ་དཔག་མེད་འཕེལ།།

དེ་ལྟ་ན་ཡང་ཁྱེད་ནི་ཐང་གའི་ངོགས།།

མཛེས་སྙན་ཞི་བའི་ལྷ་མོའི་ངང་ཚུལ་བཞུགས།།

བདག་ནི་དེ་གའི་ཕྱི་ནང་སྲུང་པ་པོ།།

ལྟ་བ་ཙམ་ལས་རེག་ཐབས་ཡོད་མ་ཡིན།།

རེག་ཀྱང་ཅི་བྱ་བརྫད་ན་གྱོང་གུད་རེད།།

ཁྱེད་ཉིད་རྟག་ཏུ་ཡོན་ཏན་བྱེ་བའི་དབུས།།

ངག་དབང་ལྷ་མོའི་ཚབ་བྱས་བཞུགས་མཛོད་དང་།།

དེ་བས་ལྷག་ཅིག་བསོད་ནམས་མི་དགོས་ཨང་།།

ང་ཡིས་ཁྱེད་ཀྱི་སྒོ་གསུམ་སྐྱེད་ཚལ་ལས།།

འཁྲུངས་པའི་མཛེས་པ་ཡོད་དོ་ཕྱོགས་གཅིག་ཏུ།།

སྙན་ཚིག་ངག་གི་ལམ་དུ་བཀོད་བྱས་ཏེ།།

བདེ་བའི་ཕུན་ཚོགས་ཟད་མེད་ལམ་དུ་བཏེགས།།