国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཉི་འོད་ཀྱི་མཛའ་གཞས།

དར་མདོའི་མཁའ་དབྱིངས་མཚམས་སྤྲིན་དམར་པོས་དམ་དུ་འཁྱུད།།

སྲོད་ཀྱི་དྲི་བཞོན་བུ་མོས་བདག་གི་འགྲམ་ངོགས་སྐྱོར།།

ནུབ་མཐའི་རི་ཚོགས་གྲངས་མེད་རྒྱང་རིང་ཡུལ་དུ་གྱར།།

ཤིན་ཏུ་དབེན་པའི་ཁང་སྟེང་འདི་རུ་ཁོ་བོ་ཧྲེང་།།

མདུན་གྱི་རི་འདབས་རྒྱ་ལམ་གཡས་གཡོན་གློག་འོད་ཉུལ།།

ཁྱིམ་ལ་བསྙེགས་པའི་གནམ་སའི་བར་གྱི་སྲོག་ཆགས་དག།

དམིགས་པ་རང་ཁྱིམ་སྒོ་རུ་གཏད་བཞིན་བྲེལ་བའི་ཡིས།།

ཁྱེད་ཀྱང་དེ་བཞིན་ད་ཙམ་བདག་ཁྱིམ་ཕེབས་ན་བསམ།།

ཁོད་སྙོམས་མིན་པའི་ར་སྐོར་འདི་ཡི་གང་སར་གང་།།

དུས་ཀྱི་དབང་གིས་སྟོན་གསུམ་ཚོང་པའི་བུ་ལོན་ལ།།

འགའ་ཞིག་འཐོར་བཞིན་འགའ་ཞིག་ཤིན་ཏུ་ཉམ་པ་ཡིས།།

ཁེར་རྐྱང་ལུས་པའི་སེམས་རྩ་འདི་ཡང་ཇེ་འཁྱག་རེད།།

རི་གཟར་སྟེང་ནས་མར་མར་འབབ་པའི་སྨུག་དུད་ཁྱུ།།

ཆར་པའི་དཔུང་དང་རླུང་གི་འཕྱོར་མོར་གཉེན་བསྒྲིགས་ཏེ།།

རྡོ་བ་མང་བའི་གྲོང་པ་འདི་ཡི་ས་ཕྱོགས་ཀུན།།

བསླུ་བའི་ཚིག་གིས་ཡང་ཡང་བསྒྲིབས་ཚེར་ལྷག་ཏུ་སྐྱོ།།

དགྱེས་ཞལ་འཛུམ་པའི་ཟླ་བ་བདུད་རྩི་ཤེལ་གྱི་ཕུད།།

ད་ལྟ་ཡོངས་སུ་བདག་དང་གྱེས་པའི་ཁ་ཐག་རྐྱེན།།

སྡོད་ཤག་ཕྱི་ནང་སྒྲ་གཅན་རླངས་པས་ཤོམ་བྱེད་པ།།

གསལ་བའི་འོད་དང་བདེ་བའི་བསིལ་ཞིག་མེད་ཚོད་རེད།།

ང་ཡི་ས་ནས་ཁྱེད་རང་དྲན་བཞིན་ངུ་བ་དང་།།

ཐུན་གསུམ་རྨི་ལམ་ནང་ནས་ཡང་བསྐྱར་མཇལ་འཛོམས་དང་།།

ཞོགས་པ་ཅི་ཞིག་བོར་སོང་ལྟ་བུ་སེམས་ཁམས་བཅས།།

ཡང་ཡང་བསམ་བཞིན་མེ་ལོང་བལྟས་ཏེ་དགོད་རྒྱུ་བྱུང་།།

ཉལ་ཁར་རླུང་གིས་རབ་གསལ་ཅུང་ཙམ་རྡེབ་སྒྲ་དང་།།

གློ་བུར་ཉིན་མོར་སྐས་ཐེམ་བརྒྱུད་པའི་ཧྲག་སྒྲ་སོགས།།

ཐོས་པ་དང་པོ་ཁྱེད་རང་འགྲོ་འདུག་ཨེ་ཡིན་བསམ།།

འཁྲུལ་བ་རྟོགས་ན་ལྷག་ཏུ་སྟོངས་པ་ཡིན་སྣང་ཤར།།

ཁ་པར་ནང་གི་གཟུགས་ཀྱི་རི་མོ་སྣ་ཚོགས་དང་།།

གྲོང་པའི་ནང་གི་རྒྱུས་མེད་བུ་མོའི་རྒྱབ་གཟུགས་དང་།།

ཡིད་འོང་སྙན་ངག་གླུ་དབྱངས་ལ་སོགས་གང་མྱོང་ཡང་།།

ཁྱེད་དང་འབྲེལ་བའི་བརྡ་ཆད་འགའ་ཞིག་རྟག་པར་མཐོང་།།

ད་ལྟ་ཁོ་བོས་ཁང་སྟེང་འདི་ནས་རྒྱང་རིང་ཕྱོགས།།

ཁྱེད་ཀྱི་ཕ་ཡུལ་ཁྱེད་རང་འགྲོ་སའི་ལམ་ཕྲན་དང་།།

སྒོ་ཁའི་ཞིང་དང་རི་ཁའི་གནག་ཕྱུགས་དོན་སྤྱི་ཞིག།

ཡིད་ལ་སྒོམ་བཞིན་གནས་དེའི་ས་སྲོད་མཛེས་སྣང་ཤར།།

དེ་དུས་དགོང་མོར་འུ་གཉིས་གནས་འདིར་ཡོང་བ་དང་།།

སྐར་མ་རྩི་བཞིན་ཚིག་ཇ་མངར་མོ་འཐུང་ཞོར་དུ།།

ཕན་ཚུན་ལྟ་བཞིན་དགོད་ཁ་སློང་བ་བདེན་ན་ཡང་།།

དེ་རིང་གང་ཡང་མེད་ཅིང་ཡོད་ཚད་འདས་དོན་ཉིད།།

དྲན་ནས་སྐྱོ་བ་བདག་གིས་ཁྱེད་ལ་དགའ་བ་ཉིད།།

དགའ་བཞིན་གྱེས་པ་ཁྱེད་ལ་གདམ་ག་གཞན་ཞིག་སྟེ།།

གང་ལྟར་སྙིང་ཉེ་ཁྱེད་རང་བདེ་ཞིང་སྐྱིད་གྱུར་ན།།

བསམ་པའི་རེ་བ་དེ་ལས་ཆེ་ཞིག་མི་འདུག་ཨང་།།

སེམས་ན་ཡོད་ཀྱང་ལག་ནས་ཤོར་བའི་འདང་བརྩེ་འདི།།

གཉིས་ཀའི་སྐྱོན་ཡིན་གཉིས་ཀའི་ལས་དབང་ཡིན་ངེས་ཀྱང་།།

དེ་ལྟ་ན་ཡང་རེ་ཆད་འཁོན་སེམས་མི་འཆང་ཞིང་།།

ཕ་མའི་དྲིན་དྲན་སོ་སོའི་འདུན་ལམ་འབད་པར་བྱ།

ཁྱེད་ནི་མཛེས་པ་རྨ་བྱ་སྟོང་གི་ཟིལ་གནོན་ཡིན།།

ཁྱེད་ནི་འཇམ་པ་གཡང་དཀར་སྟོང་གི་གཅེས་ཕྲུག་ཡིན།།

ཁྱེད་ནི་བཟང་བ་མོ་སྨན་སྟོང་གི་རེ་སྨོན་ཡིན།།

ང་ལ་མཚོན་ན་ཁོ་ལ་བཤད་ན་དྭངས་རྩེ་ཡིན།།

ང་ཡི་བརྩེ་བས་ང་རང་རྨས་ཤིང་ཉམས་གྱུར་བས།།

རེ་ཞིག་འདི་ལྟར་སྐྱོ་བ་སེམས་ཀྱི་སྨག་རུམ་མོད།།

ཁྱེད་དང་འཕྲད་པ་འགྱོད་པའི་བློ་མེད་ལེ་བདའ་ཅི།།

འདི་ནི་བདག་གི་ཐོག་མའི་བརྩེ་བའི་དབུ་ཁྱུད་ཡིན།།

ད་ནི་མུན་པ་རུབ་ལ་ཉེ་བའི་མཚམས་ཤིག་རེད།།

ཆར་པ་ཞིག་ཀྱང་ག་ལེ་འབབ་པའི་ཟོལ་ཞིག་འདུག།

ང་རང་ཤག་ཏུ་འགྲོ་ཡིན་ནངས་ཀའི་ཉི་གཞོན་གྱིས།།

འུ་གཉིས་དགའ་བའི་གཏམ་དང་བྱ་བ་ཁྱེར་ནས་ཡོང་།།