གྲོགས་པོ་ཚོ། འདི་ནི་ལི་ཐང་གི་ཟོག་ཤ་དག་མ་ཡིན་ཞིང་། འབྲི་གཡག་འདི་དག་གིས་རི་འགོ་ནས་ཟ་རྒྱུ་རྩྭ་སྨན་དང་འཐུང་རྒྱུ་ཚྭ་ཆུ་ཡིན་པས་ཟོག་ཤ་འདི་དག་བཟས་ན་བྲོ་བ་ཞིམ་ཞིང་ལུས་ཟུངས་གསོ་བས་ཀུན་གྱིས་དགའ་བསུ་ཐོབ་དང་འཐོབ་བཞིན་ཡོད། ཟླ་བ་དགུ་པའི་ཟླ་མཇུག་ཏུ། པར་ཤེལ་མདུན་དུ་བོད་ལྭ་གོན་པའི་ཟླ་བ་སྨིན་དྲུག་གིས་མཐོ་སྒང་གི་སྐད་གདངས་ཅུང་འདྲེས་པའི་སྤྱི་སྐད་ཀྱི་ཐོག་ནས་འཆར་ཤེལ་མདུན་གྱི་ལྟད་མོ་བ་རྣམས་ལ་ཟོག་ཤ་མཚམས་སྦྱོར་བྱེད་བཞིན་འདུག།
1999ལོར་སྐྱེས་པའི་ཟླ་བ་སྨིན་དྲུག་ནི་ལི་ཐང་རྫོང་འཇའ་བ་གྲོང་རྡལ་ནས་འཚར་ལོངས་བྱུང་ཞིང་། སློབ་མཐར་ཕྱིན་རྗེས་ཁོ་དར་རྒྱས་ཆེ་བའི་གྲོང་ཁྱེར་དུ་ལས་ཀ་མ་གཉེར་ནས་མཚོ་འཕགས་སྨི་བཞི་སྟོང་ལྷག་ཡོད་པའི་ཕ་ཡུལ་ལི་ཐང་ལ་ལོག་ནས་རང་གི་ཐབས་དང་ཤེས་རབ་ལ་བརྟེན་ནས་དུས་རབས་གསར་པའི་ན་གཞོན་གྱིས་ཕུགས་འདུན་སྙེག་པའི་ལོ་རྒྱུས་བྲིས་པ་རེད།
ཐོག་མར། ཟླ་བས་ཕ་ཡུལ་གྱི་མཛེས་ཤིང་སྡུག་པའི་རི་བོ་དང་ཡངས་ཤིང་ཆེ་བའི་རྩྭ་ཐང་། དྭངས་ཤིང་གཙང་བའི་ཆུ་བོ། ནམ་སྔོན་སྤྲིན་དཀར་དག་ཟིན་ཐོ་ལ་འགོད་པ་ཙམ་ཡིན་ཞིང་། ཁོས་ལག་ཁྱེར་ཁ་པར་ལ་བརྟེན་ནས་ལི་ཐང་གི་དུས་བཞིའི་འགྱུར་བ་བཀོད་པ་སྟེ། དཔྱིད་ཀར་རྩྭ་ཐང་དུ་རི་སྐྱེས་མེ་ཏོག་གིས་ཁེངས་ཤིང་། རྟ་ནོར་ལུག་གསུམ་དེད་ནས་རུ་སྤོ་བ་དང་འབྲོག་པ་རྣམས་ཀྱིས་ངོ་ལ་འཛུམ་དང་བཅས་བདེ་སྐྱིད་ཀྱི་འཚོ་བ་གསར་པར་རོལ། དབྱར་ཁར། རྩྭ་ཐང་མེ་ཏོག་གིས་ཁེངས་ཤིང་། རྟ་ནོར་ལུག་གསུམ་ཤ་ཤེད་རྒྱས་དུས་ལོ་གཅིག་དུས་གཅིག་གི་རྟ་རྒྱུག་འགྲན་བསྡུར་སྤེལ་བ་སྟེ། རྟ་རྩེད་དང་འགྲོས། རྒྱུག་ཆེ་འབྲིང་ཆུང་གསུམ་བཅས་རྟའི་རྩེད་མོ་གྱ་ནོམ་པ་རྩེས། སྟོན་ཁར། ཞིང་ཐང་གྲུ་བཞིའི་ནང་གསེར་མདོག་སྙེ་མའི་མགོ་ལྕོག་ལྡེམ་ཞིང་། སོ་ནམ་རྒན་པོའི་བཞིན་རས་ནས་སྟོན་གྱི་འབྲས་བཟང་སྨིན་པའི་འཛུམ་མདངས་ལྷུག་པར་གྲོལ། རི་གྲོང་གི་ཤིང་འབྲས་སྡོང་པོར་དམར་མདངས་བཀྲ་བའི་ཀུ་ཤུ་དང་ཁམ་བུ་སོགས་འབྲས་བུས་ཁུར་གྱིས་དུད། དགུན་ཁར། རི་ཀླུང་ཐམས་ཅད་གོས་དཀར་གྱིས་བརྒྱན་ནས་དཀར་ལམ་མེར་གྱུར་ཏེ། རང་བྱུང་ཁམས་ལ་རི་མོ་མཁན་གྱིས་ཚོན་མདངས་བྱུག་པ་བཞིན་དུ་བསྒྱུར་འགྲོ་བས། ཕྱོགས་ཡོངས་ནས་ཕེབས་པའི་མགྲོན་པོ་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག།
བོད་ཁུལ་གྲོང་རྡལ་གྱི་འཚོ་བ་དངོས་དང་གསོན་ཉམས་དོད་པ་དག་ཟླ་བ་རང་ཉིད་ཀྱི་འཕྲིན་སྦྱོར་ཏེ་ཟླ་བ་ལི་ཐང་དུ་ཡོད་ཅེས་པའི་རྩིས་ཨང་ལ་བརྟེན་ནས་རྒྱལ་ཡོངས་ས་གནས་ཁག་གི་དྲྭ་གྲོགས་རྣམས་ཀྱི་ཡིད་དབང་བཀུག་པ་རེད། ཚང་མས་ལི་ཐང་གི་མཛེས་ལྗོངས་དང་དམངས་སྲོལ་གྱིས་ཡིད་དབང་འཕྲོག་སྟེ་ཚང་མས་བསྟོད་བསྔགས་ཀྱི་ཐལ་མོ་རྡེབ་མཁན་ཧ་ཅང་མང་བས་ཟླ་བའང་སྐད་གྲགས་ཅུང་ཡོད་
པའི་དྲྭ་གྲགས་ཤིག་ཏུ་གྱུར།ཟླ་བས་ཐོག་མར་མཚར་སྣང་ངང་ཐད་གཏོང་བྱས་པར་མི་མང་པོ་ཞིག་གིས་ངའི་ཕ་ཡུལ་ལ་དགའ་མོས་བྱས་པས་ཕ་ཡུལ་ལ་ཕན་པའི་ལས་ཀ་ཅུང་ཙམ་བསྒྲུབ་ཨེ་ཐུབ་ན། མི་དེ་ལས་མང་པོ་ཞིག་གིས་ཕ་ཡུལ་ལ་དོ་སྣང་དང་རྒྱུས་ལོན་བྱུང་ན་སྙམ་ནས་ཐད་གཏོང་བྱས་པ་ཡིན་ཞེས་བརྗོད།
2023ལོར་སྟེས་དབང་ཞིག་གིས་གློག་ཚོང་ཐད་གཏོང་བྱས་ཤིང་། ཁོས་ཚོར་བ་རྣོན་པོའི་སྒོ་ནས་དེ་ནི་ལི་ཐང་གི་ཁྱད་ཆོས་ཐོན་རྫས་རྒྱལ་ཡོངས་སུ་ཁྱབ་སྤེལ་གཏོང་བའི་གོ་སྐབས་ཤིག་ཡིན་པ་རྟོགས་ཏེ། ཁྱིམ་མི་དང་གྲོས་བསྡུར་བྱས་རྗེས་མྱུར་དུ་གློག་ཚོང་ཐད་གཏོང་བྱེད་པའི་ལམ་དུ་ཞུགས།
ཐད་གཏོང་ཁང་དུ། ཟླ་བ་ཚོང་འགྲེམ་པ་བྱས་ཤིང་། སྤྲོ་སེམས་འཕེལ་བའི་ངང་ནས་དྲྭ་གྲོགས་རྣམས་ལ་ཟོག་ཤ་སྐམ་པོ་དང་ནས་ཆང་། བོད་སྤོས་སོགས་དམིགས་བསལ་ཐོན་རྫས་ངོ་སྤྲོད་བྱས་པ་དང་། ཐོན་རྫས་ཀྱི་སྤུས་ཀར་འགན་ལེན་བྱེད་ཆེད་ཟླ་བ་རང་ཉིད་གྲོང་སྡེ་དངོས་སུ་སོང་ནས་འབྲོག་པ་དང་ལག་ཤེས་བཟོ་རྩལ་པ་དང་འབྲེལ་འདྲིས་བྱས་ཏེ་རྒྱུ་ཆ་སྤུས་ལེགས་བདམས་པས་མ་ཚད་ཐོན་སྐྱེད་ཀྱི་བརྒྱུད་རིམ་ལ་ལྟ་སྐུལ་བྱས་པ་རེད།
འདི་ནི་ང་ཚོའི་ལི་ཐང་འབྲོག་པས་རྩྭ་ས་ལ་བརྟེན་ནས་གསོས་པའི་འབྲི་གཡག་ཡིན་པས་ཤ་རྒྱུ་དམ་ཞིང་། སྲོལ་རྒྱུན་གྱི་བཟོ་རྩལ་རླུང་ལ་བརྟེན་ནས་སྐམ་དུ་བཅུག་པ་དང་། རུལ་འགོག་གི་རྫས་གང་ཡང་མ་བསྣན་པས། བྲོ་བ་ཡང་ཧ་ལས་པ་ཞིམ་པོ་རེད་ཅེས་ཟེར་ཞོར་ཤ་སྐམ་བཟས་པས་ཚང་མས་བལ་པོའི་སེའུ་མ་ཟོས་ཀྱང་ཁ་དོག་ཉིད་ལས་བྲོ་བ་ཤེས་ཞེས་པ་ལྟར་འགྲམ་ཆུ་ལྡང་དགོས་པ་བྱུང་།
ཁོས་ལྷག་བསམ་རྣམ་དག་དང་འགན་ཁུར། གདེང་ཚོད་ཡོད་པའི་སྒོ་ནས་གློག་ཚོང་བྱས་པས་དྲྭ་གྲོགས་རྣམས་ཀྱིས་རིམ་བཞིན་ཡིད་ཆེས་ཐོབ་པ་དང་། ཐད་གཏོང་ལ་ལྟ་མཁན་ཡང་མི་ཇེ་མང་ནས་ཇེ་མང་དུ་སོང་། ད་ལྟར་ཟླ་བས་ཐད་གཏོང་ཁང་ནས་ཟླ་བ་རེ་ལ་ཕ་ཡུལ་གྱི་ཁྱད་ཆོས་ཐོན་རྫས་སྒོར་ཁྲི་བརྒྱ་ལྷག་འཚོང་བཞིན་ཡོད་པས་ཡུལ་མི་མང་པོའི་ཡོང་འབབ་མང་དུ་ཕྱིན་པར་རོགས་རམ་ཕན་པ་མིག་མཐོང་ལག་ཟིན་བྱུང་བས་མིང་དོན་མཚུངས་པའི་ཡུལ་སྡེ་དར་རྒྱས་ཀྱི་སྣེ་ཁྲིད་པར་གྱུར་ཡོད།
སྔོན་ཆད་འབྲོག་པ་རྣམས་ཀྱིས་ཟོག་ཤ་འཚོང་པར་ཚོང་པ་མང་པོ་བརྒྱུད་ནས་བཙོང་དགོས་སྟབས་རིན་གོང་མི་ལོན་པ་དང་། ད་ལྟ་ཐད་གཏོང་ཁང་བརྒྱུད་ནས་ཐད་ཀར་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་བཙོང་ཆོག་པས་ཡོང་འབབ་ཀྱང་ཡག་པོ་འདུག་ཅེས་ཟེར།
ཟླ་བས་ཐད་གཏོང་ཟོག་འདྲེན་ལས་གཞན་ད་དུང་ཕ་ཡུལ་གྱི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་བྱེད་སྒོའི་ནང་ཞུགས་པ་དང་། ལི་ཐང་ལ་ཡུལ་སྐོར་དུ་ཡོང་བའི་ཡུལ་སྐོར་བ་རྣམས་ལ་རིན་མེད་ཡུལ་སྐོར་སྣེ་ཤན་པ་བྱས་ཏེ་ས་གནས་དེ་གའི་ཡུལ་ལྗོངས་དང་རིག་གནས་ངོ་སྤྲོད་བྱས་ཤིང་། ཁོས་ད་དུང་རྒྱུན་དུ་སློབ་གྲྭ་ཁག་ཏུ་སོང་ནས་བྱིས་པ་རྣམས་ལ་རིག་པ་གཞོན་པའི་དུས་སུ་བསླབ། བ་ནི་དགུན་གྱི་དུས་སུ་གསོ། ཞིང་ནི་དྲོད་གཤེར་ལྡན་ཚེ་རྨོ། འདི་གསུམ་འབྲས་བུ་སྨིན་པའི་རྒྱུ་ཡིན་པ་སོགས་དྲང་ཕྱོགས་ནས་བསླབ་བྱ་སྐུལ་མ་མང་པོ་བཏང་བ་དང་མ་འོངས་པར་ཕ་ཡུལ་གྱི་འཕེལ་རྒྱས་ནི་ཁྱོད་ཚོ་ལ་རག་ལས་པས་ད་ལྟ་ནས་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱ་དགོས་པའི་རེ་བ་དང་འབོད་སྐུལ་བྱས་པ་རེད།
ཟླ་བས་སྣེ་ཁྲིད་འོག་ལི་ཐང་གི་ན་གཞོན་དུ་མ་ཞིག་ཕ་ཡུལ་དུ་ལོག་ནས་རིག་གནས་ཡུལ་སྐོར་དང་གློག་ཚོང་སོགས་ཀྱི་ཐོན་ལས་ནང་ཞུགས་ཏེ་ལི་ཐང་གི་འཕེལ་རྒྱས་ལ་ལང་ཚོའི་གསོན་ཤུགས་རྒྱས།
ལི་ཐང་ནི་ངའི་ཕ་ཡུལ་ཡིན་པས་དེ་ལ་དགའ་བ་སྟོང་དང་དུང་བ་འབུམ་ཡོད་པས་ཐབས་བརྒྱ་ཇུས་སྟོང་གིས་ཕ་ཡུལ་དྲིལ་བསྒྲགས་བྱས་ཏེ་མི་དེ་ལས་མང་པོ་ཞིག་ལ་ཕ་ཡུལ་རྒྱུས་ལོན་བྱེད་དུ་བཅུག་སྟེ། ཕ་ཡུལ་དེ་བས་འབྱོར་ཕྱུག་ཤེས་དཔལ་དང་། འཆམ་མཐུན་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་འབད་བར་བྱ་ངེས་ཡིན་ཞེས་བཤད་པ་རེད།
( མིག་དམར་དོན་གྲུབ་ཀྱིས་བྲིས།)
