国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( ཁམས་པའི་འཛུམ་མདངས་སྤྱིའི་འདོན་ཐེངས་བཞི་བརྒྱ་གོ་གཅིག་པའི་པར་ངོས་གཉིས་པའི་འཕྲོར་མཐུད།)

ཞིང་ལས་སོ་ནམ་གྱི་དུས་ཚོད་བཀོད་སྒྲིག་ཐད་དུ། སྤྱི་ཚོགས་སྔོན་མར་ཡུལ་འདིའི་གྲོང་པ་ཕལ་མོ་ཆེས་ཞིང་ལས་སོ་ནམ་བྱེད་སྟངས་ལ་བོད་ཡུལ་གྱི་ས་ཆ་གཞན་པ་རྣམས་ནས་བྱུང་བའི་ལོ་ཐོ་སོགས་ལ་གཞིར་མི་བཟུང་ཞིང་། གཙོ་བོ་དཀར་མཛེས་རང་ཡུལ་ན་ཁང་ཆེན་ནང་ཚང་ཨ་མྱེས། མཁར་ལྕགས་ཨ་མྱེས། སྟག་ལམ་ཁ་ཚང་ཨ་མྱེས་ཞེས་པ་སོགས་ཡུལ་སྟོད་སྨད་ལ་ཨ་མྱེས་སྐད་གྲགས་ཅན་ཉི་ཤུ་ལྷག་ཡོད་པས་དེ་ཚོས་ལོ་ཐོར་ཕབ་ནས་དགོན་པའི་སྨོན་ལམ་ཆེན་མོ་སོགས་མང་ཚོགས་འདུས་སར་བཤམས་ཏེ་ལོ་གཅིག་གི་གནས་ཚུལ་དང་སོ་ནམ་དུས་ཚོད་བཀོད་སྒྲིག་བྱེད་སྟངས་ཁྱབ་བསྒྲགས་བྱེད་སྲོལ་ཡོད། ཞིང་པ་དེ་དག་ལ་གཞིར་བཟུང་པ་ཚོས་དེ་ལུགས་ལྟར་རྨོ་འདེབས་བྱེད་པ་ཡིན། འོན་ཀྱང་ཕལ་མོ་ཆེས་གྲོང་པ་རང་རང་ལ་རི་དང་གད་པ། ཤིང་སྡོང་སོགས་དང་ཡང་ན་དུད་ཚང་སྒེར་གྱི་ཁང་པ་རྙིང་པའི་ལག་སྒོ་དང་བུ་ག་དང་གྱང་ངོས་སོགས་ལ་ཉི་རྩེ་ཕོག་སྟངས་ཏེ་ཉི་ཟེར་ཐོག་མ་ཕོག་པའི་མཚམས་དང་ཡང་ན་ནུབ་མོར་ཉི་མ་ནུབ་ཁའི་འོད་ཟེར་ཕོག་མཚམས་དག་ལ་རྟགས་བཞག་ནས་དཔྱིད་རྨོས་རན་མི་རན་དང་རྨོ་སྔ་ཕྱི་བར་གསུམ་གྱི་དུས་ཚོད་ངོས་བཟུང་ནས་རྨོ་སྔ་དགོས་སར་སྔ་བ་དང་ཕྱི་དགོས་སར་འཕྱི་བར་བྱེད་པ་དང་། དེ་བཞིན་དུ་བྱ་གྲགས་ཚད་དང་ཤིང་གི་མྱུ་གུ་འབུས་ཚད་ལ་རྟགས་བཞག་པ་སྟེ། དཔེར་ན་རྒྱ་མཚོའི་གཏིང་ནས་དྲོད་བབས་ཀྱང་། ཤིང་གླང་མས་མ་གཏོགས་མི་གོ་འདུག་ཅེས་གླང་མ་ནི་རྩི་ཤིང་གཞན་པ་ལས་མྱུ་གུའི་མགོ་འབུ་སྔ་བ་ཡིན་པས་གླང་མ་ཡོད་ས་དག་གིས་གླང་མའི་མྱུ་གུ་འབུ་མགོ་བཙུགས་པར་བརྟགས་ནས་དཔྱིད་རྨོས་ཀྱི་དུས་ཚོད་བཟུང་བ་དང་། ཡུལ་ལ་ལ་ན་བྱ་པུ་ཤུད་སྟག་རིང་གྲག་པའི་དུས་སུ་དཔྱིད་རྨོས་རན་པར་བརྩི་པ་དང་། ལ་ལ་ན་བྱ་འོལ་བ་གྲག་དུས་ཕྱི་ཞིང་སོགས་རྨོས་ཏེ་ནང་ཞིང་རྨོ་བའི་དུས་ལ་བབས་པར་བཟུང་པ་དང་།