བཞི་པ་སོ་ནམ་ལས་གླུའི་དབྱངས་དང་ཚིག།
ཡུལ་ལ་ལ་ན་བྱ་སྐྱུང་ཀས་བྱ་ཚང་བཅའ་ཚུལ་ལ་བརྟག་པ་སྟེ། ཕྱི་ཚང་ཤིང་རྩི་ཐོག་མར་སྡུད་པའི་དུས་སུ་ཁང་སྔུན་རྒྱབ་ཀྱི་ཞིང་རྣམས་རྨོ་བ་དང་། དེ་ནས་ནང་ཚང་བལ་སྤུ་སྡུད་པའི་སྐབས་སུ་ནང་ཞིང་རྨོ་བ་ལྟ་བུ། ཡང་ནམ་མཁའི་སྐར་མར་བརྟགས་ནས་ཞིང་རྨོ་རན་དང་མི་རན་གཏན་ལ་ཕབ་པ་སྟེ། དཔེར་ན་ས་ཆ་ཁ་ཤས་ན་སྐར་ཚོགས་དཔའ་མོའི་སྔོན་དང་བྱ་རོག་གི་རྗེས་སུ་ཡོད་པའི་སྐར་མ་གཉིས་ཚོགས་ཤིག་ལ་མིང་དུ་ལུད་ཁུར་སྤོ་རྡུང་ཞེས་བཏགས་ནས་དེར་གྲོང་པའི་དེའུ་འབུར་སོགས་ས་རྟགས་གང་གི་ཐད་ལ་སླེབས་དང་མི་སླེབས་ལ་བརྟགས་ཏེ་ལུད་བསྐྱ་བ་དང་སྤོ་ཐོ་བརྡུང་བ་སོགས་དཔྱིད་རྨོས་ཀྱི་གྲ་སྒྲིག་བྱེད་པ་ལྟ་བུ། རྟགས་མཚན་དེ་དག་ནི་དེང་གི་ཚན་རིག་པས་གནད་དོན་གང་ཞིག་ལ་ཚོད་ལྟ་འོར་ཐེངས་སྟོང་ཕྲག་བྱས་མཐར་ད་གཟོད་གཞི་ནས་གནས་ལུགས་རྣལ་མ་རྙེད་པ་བཞིན་དུ་ཕ་ཡི་ཚེ་དང་བུ་ཡི་རིང་དུ་ལོ་ངོ་བརྒྱ་ཕྲག་ཡན་ལ་ཉམས་ཞིབ་བྱས་ནས་གཏན་ལ་ཕབ་པ་ཤ་སྟག་ཡིན་ཞིང་། རྟགས་བཀོད་པའི་ཐབས་དེ་འདྲས་ཆེ་ལ་ཡུལ་ཕྱོགས་དང་། ཤོག་པ། གྲོང་པ་སྤྱིའི་ཞིང་དང་། ཆུང་ལ་ཉིན་སྲིབ་ཞིག། ལུང་པ་གང་། ཐ་ན་དུད་ཚང་སྒེར་གྱི་ཞིང་ཐེམ་ཟུར་དུམ་བུ་གཅིག་ཡན་གྱི་རྨོ་སྔ་ཕྱིའི་དུས་ཚོད་ཡོ་འཕྱུག་མེད་པས་གཏན་འཁེལ་ཐུབ། ཞིང་པ་རྣམས་ཀྱིས་རྟགས་ཀྱིས་གཏན་འཁེལ་པའི་དུས་ཚོད་གཙོ་བོ་ནི་དཔྱིད་རྨོས་དང་ལུད་ཁུར་བོང་རྡུང་གི་ཚེ་ཡིན་ཞིང་། ནམ་ལ་རྔ་བ་དང་ནམ་སྟོན་སློག་བྱེད་པ་སོགས་ནི་ལོ་ཏོག་གི་སྨིན་སྟངས་སོགས་ལས་ཀ་གཞན་ལ་བསྟུན་དགོས་པས་ཞིབ་ཕྲར་གཏན་འཁེལ་དཀའ། གསར་པར་རློམ་པ་འགས་དེ་དག་རྗེས་ལུས་སུ་འདོད་སྲིད་ཀྱང་དེ་ནི་ཡུལ་བྱེ་བྲག་གི་གནས་ཚུལ་དང་བསྟུན་ནས་བསོགས་པའི་ཤིན་ཏུ་གནད་ལ་འཁེལ་བའི་སོ་ནམ་ཉམས་མྱོང་སྟེ། མཐོ་སྒང་ས་ཆ་སྤྱིའི་གནས་སྟངས་ལྟར་རང་ཡུལ་འདི་ལའང་ས་སྟོད་སྨད་དང་། གྲོང་ཕྱི་ནང་། ཞིང་མགོ་འདབས་ཀྱི་བར་ན་ཡང་གནམ་གཤིས་དང་དྲོད་གྲང་ཁྱད་པར་འགྱུར་པས་རྨོ་མཐིལ་ལེགས་པར་འཕྲད་དང་མི་འཕྲོད་ཀྱིས་ཐད་ཀར་སྟོན་དུས་འབྲས་བུ་སྨིན་སྟངས་ལ་ཁྱད་པར་ཆེན་པོ་འབྱུང་བ་ཡིན། དེ་བས་མཐའ་ཅིག་ཏུ་ཡུལ་སྤྱིར་ལྟོས་པའི་ལོ་ཐོ་ལ་གཞིར་བཟུང་བའི་སོ་ནམ་བྱེད་སྟངས་ཀྱང་ཤིན་ཏུ་རགས་པར་གྱུར་ཅིང་།རིགས་གཞན་པའི་ལུགས་དང་བསྟུན་ཏེ་རྨོ་འདེབས་བྱེད་པ་ནི་ཆུར་སྐོམ་པས་འཆི་པའི་སྔ་ལྟས་རང་ངོ་།།
བོད་པ་རྣམས་ནི་ལས་ལ་བརྩོན་ཞིང་སེམས་པ་སྐྱིད་པའི་རིགས་ཞིག་ཡིན་ཕྱིན་ལས་ཀ་ཐམས་ཅད་གླུ་དང་འགྲོགས་ནས་རྩེད་མོ་བཞིན་དུ་ལས་པར་དགའ། གྱང་རྡུང་བ། ས་ཕེད་པ། ཡུར་མ་ཡུར་བ། སྟོན་ཐོག་ལེན་པ། བརྡུང་བྱབས་རྡུང་བ། བཞོན་མ་བཞོ་བ་སོགས་ལས་ཀ་ཀུན་ལ་རང་རང་གི་འགྲོས་དང་མཐུན་པའི་གླུའི་འགྱུར་ཁུགས་དང་ལས་ཀའི་བྱ་རིམ་བསྟན་པའི་གླུའི་ཚིག་ཡོད། དཔེར་ན། ཡུར་མ་ཡུར་དུས། ཞིང་ཁྱོད་ནི་ངོ་ཡངས། མ་ང་ཡི་ལག་ཡངས། བྱ་རྒོད་འཕུར་འཕུར་བྱོས།།རྟ་རྒོད་འདུར་འདུར་བྱོས།།ཞེས་པ་ལྟ་བུ་དང་། སྟོན་ཐོག་ལེན་པའི་དུས་སུ་སྟག་ཤར་ཕོ་དང་སྨན་ཤར་མོ་ཚོས་གོས་དང་རྔུལ་ལེན་སོ་མ་དང་བཀྲག་མདངས་ཅན་གྱོན། ཕོ་མགོའི་སྐྲ་རྩེའི་སྐྲ་ཕོད་དང་མོ་མགོའི་སྐྲ་འདབས་ཀྱི་སྐྲ་མཐུད་དང་ཕོད་འཛར་གསར་པར་བརྗེས། རྒན་གཞོན་ཀུན་གྱིས་ལུས་ལ་འཕྱོར་སྤྲས་ཤིང་གདོང་ལ་དགའ་བའི་འཛུམ་མདངས་རྒྱས། ངག་ནས་སྐྱེས་པ་ཚོ་ལན་ཡ་དང་སྐྱེས་མ་ཚོ་ལན་ཡ་རུ་བྱས་ནས་སྟོན་གླུ་ལེན་བཞིན་དུ་རྔ་བ་ལྟ་བུ། གླུ་ཚིག་ལ་ཡང་དཔེར་ན། རོགས་གཡས་པ་བདག་པོས། ལག་མགྱོགས་རེ་གཏོང་ཤོག། གཡས་རུ་ཨ་ལོང་འགུག་འགུག། གཡོན་རུ་རྒྱུ་མ་སྡོག་སྡོག།ཅེས་ལས་ལ་སྐུལ་བ་ལྟ་བུ་དང་། འཇམ་གླུ་ལེན་ན་འཇམ་གླུ་ལེན། གུར་དཀར་ཆུང་བརྒྱབ་ནས་འཇམ་གླུ་ལེན། རྩུབ་གླུ་ལེན་ན་རྩུབ་གླུ་ལེན། སྦྲ་ནག་ཆུང་བརྒྱབ་ནས་རྩུབ་གླུ་ལེན་ཞེས་ཕན་ཚུན་བསྟོད་སྨད་ཀྱི་ཀུ་རེ་བྱེད་པ་དང་། རྟག་རག་པ་མི་འགྲོ་རག་པ་འགྲོ། རྟ་རག་པ་ལྷ་སའི་ཡུལ་ལ་འགྲོ། ཨ་ཇོ་བརྒྱ་ཡིས་ངས་ཉོ་ཟེར།།ཨ་ཅེ་བརྒྱ་ཡིས་ལྟད་མོ་བལྟས།།གོང་ཅི་སྦྱིན་དྲིས་ལ་བཀའ་འགྱུར་བརྒྱ།།ཁན་ཅི་གཞག་ཟེར་ལ་བསྟན་འགྱུར་བརྒྱ།།རྟ་རག་པ་ཆོས་དང་བརྗེ་ལ་མིན།།ཆོས་བཀའ་འགྱུར་བསྟན་པ་ཡར་དར་ཤོག།རྟ་རག་པ་མི་འགྲོ་རག་པ་འགྲོ། རྟ་རག་པ་མགོ་ལོག་ཡུལ་ལ་འགྲོ། འབྲོག་པ་བརྒྱ་ཡིས་ངས་ཉོ་ཟེར།།འབྲོག་མོ་བརྒྱ་ཡིས་ལྟད་མོ་བལྟས།།གོང་ཅི་སྦྱིན་དྲིས་ལ་འབྲི་མོ་བརྒྱ།།ཁན་ཅི་གཞག་ཟེར་ལ་འབྲུ་ཕྲུག་བརྒྱ།།རྟ་རག་པ་འབྲི་དང་བརྗེ་ལ་མིན།།ཞོ་འོ་མའི་བསྟན་པ་ཡར་དར་ཤོག།རྟ་རག་པ་མི་འགྲོ་རག་པ་འགྲོ།རྟ་རག་པ་རྒྱ་ནག་ཡུལ་ལ་འགྲོ། རྒྱ་རྒན་བརྒྱ་ཡིས་ངས་ཉོ་ཟེར།།རྒྱ་མོ་བརྒྱ་ཡིས་ལྟད་མོ་བལྟས།།གོང་ཅི་སྦྱིན་དྲིས་ལ་ཇ་སྒམ་བརྒྱ།།ཁན་ཅི་གཞག་དྲིས་ལ་འཁོར་དྲུག་བརྒྱ།།རྟ་རག་པ་ཇ་དང་བརྗེ་ལ་མིན། ཇ་ཞིམ་པོའི་བསྟན་པ་ཡར་དར་ཤོག།ཅེས་པ་དང་། ཡང་། ཟི་ལིང་རྟ་ཉོ་འགྲོ་མི་ཚོ།།རྟ་ཉོ་སྔ་མ་བཟོ་ཉམས་ལེན་བཟོས།།མདོག་སྤུ་ཁ་ཡག་པས་ལོས་དགའ་སྟེ།།འགྲོས་གོམ་ལག་ཅན་དེ་དཀའ་མོ་ཡིན།།མགོ་ལོག་མཛོ་ཉོ་འགྲོ་མི་ཚོ།།མཛོ་ཉོ་སྔ་མ་བཟོ་ཉམས་ལེན་བཟོས།།ལུས་རྭ་ཚུགས་ཡག་པས་ལོས་དགའ་སྟེ།།སྒ་ཁུར་ཤེད་ཅན་དེ་དཀའ་མོ་ཡིན།།རྒྱ་གྲོང་རོགས་བཙལ་འགྲོ་མི་ཚོ།།རོགས་འདྲིས་སྔ་མ་བཟོ་ཉམས་ལེན་བཟོས།།གཟུགས་སྐྱེས་བ་ཡག་པས་ལོས་དགའ་སྟེ།།ཁོག་ཤེས་པ་ཅན་དེ་དཀའ་མོ་རེད།།ཅེས་དང་། ས་ཕ་ན་རྟ་བརྒྱ་གཤར་ལ་བྱུང་།།དེའི་ནང་ལ་རག་ཕྲུག་མི་འདུག་གི།རྟ་རག་ཕྲུག་ཡོད་ན་ནོར་ས་མེད།།འགྲོས་གོམ་པ་སྤོ་སྟངས་ཁ་ཁ་ཡིན།།ས་ཕ་ན་མཛོ་བརྒྱ་གཤར་བྱུང་འོ།།དེའི་ནང་ན་ཁྱུང་དཀར་མི་འདུག་གི།མཛོ་ཁྱུང་དཀར་ཡོད་ན་ནོར་ཡ་མེད།།གཟུགས་རྭ་ཁ་ཡོད་ལུགས་ཁ་ཁ་ཡིན།།ས་ཕ་ན་རོགས་བརྒྱ་གཤར་བྱུང་འོ།།དེའི་ནང་ན་ཆུང་འདྲིས་མི་འདུག་གི།རོགས་ཆུང་འདྲིས་ཡོད་ན་ནོར་ཡ་མེད།།མིག་ཁྲ་ཆུང་ལྟ་ལུགས་ཁ་ཁ་རེད།།ཞེས་པ་སོགས་སྣ་ཚོགས་པ་ཡོད་ཅིང་། དཔེ་ཕྱི་མ་དེ་དག་ལས་གནས་འདི་ལ་ཉི་མ་གནའ་ནས་ཡུལ་མི་ཚོས་ལྷ་ཆོས་དམ་པའི་སློབ་གཉེར་ལྷ་སར་བྱེད་དུ་འགྲོ་བ་དང་། ནོར་གནག་ཉོ་སྒྲུབ་བྱེད་ས་གཙོ་བོ་མགོ་ལོག་ཡུལ་དུ་ཆས་པ། ཇ་ཡི་ཉོ་ཁུངས་རྒྱ་ནག་ཡུལ་དུ་བྱས་པ། ཟི་ལིང་འགྲོས་མ་ཞེས་རྟ་ཡི་ཐོན་ཁུངས་གཙོ་བོ་ཟི་ལིང་མཆོག་ཏུ་བརྩིས་པ་སོགས་ཀྱི་ལུགས་སྲོལ་ཆགས་ཡོད་པའང་ཤུགས་ནས་མངོན་ཡོད། སྤྱིར་བཏང་ནས་རྔ་བ་དང་སྲན་མ་བལ་བ། རྡུང་བྱབས་བརྡུང་བ་སོགས་ལས་ཀ་སོ་སོའི་གླུ་ལ་ཚིག་གི་ཆ་ནས་ལས་ཀའི་གོ་རིམ་དང་བྱེད་ཐབས་ལས་སྟངས་སོགས་བརྗོད་བྱར་གྱུར་པའི་རང་རང་ལ་དབང་བའི་ཐུན་མོང་མ་ཡིན་པའང་ཡོད་ཀྱང་མང་ཆེ་ཤོས་ནི་ཁྱད་པར་མེད་པར་ལ་གཞས་དང་བྲོ་ཚིག་འདོན་ཆོག་ལ། གཙོ་བོ་ནི་དབྱངས་ཀྱི་འགྱུར་ཁུག་ལ་ལས་ཀ་སོ་སོ་ལ་གཞན་དང་མི་འདྲ་བའི་ངག་གི་ཁྱད་ཆོས་ཡོད་ཅིང་། ལས་ཀ་རེ་རེའི་དབྱངས་རྟའི་ནང་གསེས་ལའང་ལས་ཀའི་དལ་མགྱོགས་སོགས་དང་བསྟུན་ནས་མི་འདྲ་བ་དུ་མར་བསྒྱུར་ཆོག་པ་ཡིན། སྤྱིའི་ཆ་ནས་ལས་ཀ་མགོ་འཛུགས་དུས་སུ་དབྱངས་ཅུང་དལ་ཞིང་ལྷོད་ལ། ལས་ཀ་མཇུག་རྫོགས་ལ་ཉེ་སྐབས་འཚུབ་ཅིང་ཛ་དྲག་ཏུ་འཐེན་ཞིང་དེས་མི་ལ་ངར་ཤུགས་བསྐྱེད་ཅིང་ལས་ཕྱོད་འཕེལ་བ་ལ་ཕན་ཐོགས་འབྱུང་བཞིན་ཡོད་འདུག། དེ་བཞིན་དུ་ཞིང་རྒྱ་ཆེ་ཆུང་དང་། ལོ་ཏོག་རྔ་དཀའ་སླ། གནམ་གཤིས་བཟང་ངན། དུས་སྔ་དྲོ་ཕྱི་དྲོ། མིའི་ངར་ཤུགས་གྲིམ་ལྷོད་སོགས་ཀྱི་གནས་ཚུལ་དང་བསྟུན་ནས་གང་གི་སྐབས་ལ་ཇི་ལྟ་བ་འཚམས་པ་དེ་ལྟ་བའི་དབྱངས་རྟ་འཐེན་ནས་ལས་ལ་སྐུལ་བའི་ཁྱད་པར་ཡང་ཡོད་འདུག། ཡིན་ན་ཡང་དཀར་མཛེས་ཡུལ་འདིའི་ས་ཆ་སྟོད་སྨད་བར་གསུམ་ལ་མཚོན་ན། ཞིང་ལས་ཀྱི་ལས་ཀ་གཅིག་པའི་དབྱངས་རྟ་ལ་ས་གནས་བྱེ་བྲག་གི་ཁྱད་པར་ཆེན་པོ་མི་འདུག་ལ། བོད་ཁམས་སྤྱིའི་ཁྱད་པར་ལ་ས་པཎ་གྱིས་དབུས་པ་རྣམས་ཀྱིས་ལྡིར་ཞིང་འགྱུར།། གཙང་པ་འཚེར་ཞིང་གསལ་བ་ཡིན། གཙོར་ཞིང་མདུད་པ་མངའ་རིས་པ། ཁམས་པ་རྣམས་ནི་བརྗིད་ཅིང་གྱོང་ཞེས་སྡོམ་ཡོད་པར་གྲགས།
སྤྱིར་བཏང་གངས་ཅན་ཡུལ་དུ་ཞིང་ལས་དང་འབྲོག་ལས་སྐོར་གྱི་ཤེས་བྱ་དང་ཉམས་མྱོང་རྣམས་བརྗོད་བྱར་བྱས་པའི་མཁས་པའི་བསྟན་བཅོས་མེད་པ་མ་ཡིན་ཡང་ཅུང་ཉུང་ལ་དེའི་བང་མཛོད་ལྟ་བུར་གྱུར་ཡོད་པ་ནི་དམངས་ཁྲོད་ཀྱི་ངག་སྒྲོས་དང་། གཏམ་དཔེ། ཁ་ཤགས། གླུ་གཞས། བཤད་པ་སོགས་ཡིན། དཔེར་ན་དཀར་མཛེས་གླིང་གི་ཞིང་པ་ཚོས། བོད་ཟླ་དང་པོ་ལ་སྤྲེལ་རྫ(ཟླ)ངོ་ནག་མ་ཞེས་ནམ་ཟླ་ངན་པ་དང་། གཉིས་པ་ལ་བྱ་རྫ་ཐལ་སྤུར་མ་ཞེས་རླུང་མང་པ། གསུམ་པ་ལ་ཁྱི་རྫ་དཀར་ཡོལ་ལམ་པོ་ཐོ་ཁ་སྔོན་ཞེས་ཁ་མ་ཆར་བབས་ཏེ་ལྗོན་ཤིང་སོགས་དཀར་པོར་བསྒྱུར་བའམ་སྔོ་རྩྭ་སོས་པ། བཞི་པ་ལ་ཕག་རི་ནག་ཐང་ནག་ཅེས་ཞིང་ལ་ལྗང་བུ་དང་རི་ལ་རྩྭ་སྔོས་ཁེབས་པ་སྟེ་ཡུལ་ལ་ལ་ན་རི་སྐྱ་ཐང་ནག་དང་ལ་ལ་ན་ཆུ་ཉལ་འདབས་སྔོ་སོགས་ཟེར་ལུགས་མི་འདྲ་བ་ཡོད་པའང་ཟླ་བ་དེ་ལ་རང་རང་སོ་སོའི་ཡུལ་བྱེ་བྲག་གི་ཁྱད་ཆོས་བསྟན་པ་དང་། ལྔ་པ་ལ་བྱི་བ་མེ་ཏོག་རྫ་ཁྲ་ཞེས་ཡུལ་གཤོང་སྒང་ཀུན་ཏུ་མེ་ཏོག་རྣམས་ཁྲ་ཆེམ་ཆེམ་དུ་བཞད་པ། དྲུག་པ་ལ་གླང་རྫ་སྲུས་ཟ་ཞེས་ལོ་ཏོག་ལ་འབྲས་བུ་སྨིན་མགོ་བཙུགས་ཏེ་སྲུས་ཟ་རན་པའམ་ལ་ལ་ན་གླང་རྩྭ་མྱི་ཤིང་མྱི་ཞེས་རྩྭ་ཤིང་འཐུ་བའི་བྲེལ་ལ་རན་པ། བདུན་པ་ལ་སྟག་ཕུ་རྔ་མདའ་རྔ་ཞེས་ལོ་ཐོག་ཡོངས་ནས་ལེན་རན་པ། བརྒྱད་པ་ལ་ཡོས་བརྔ་ཟད་རྫ་ཟད་ཅེས་སྟོན་ཐོག་ལེན་ཚར་དགོས་པ།དགུ་པ་ལ་འབྲུག་ཡུལ་ལུང་སྒོ་འདེབས་ཞེས་འབྲས་བུ་བསྡུས་ཤིང་ལས་མཇུག་རྫོགས་པ།བཅུ་པ་ལ་སྦྲུལ་རྫ་ནག་ར་སྤུན་དགུ་དང་སྦྲུལ་ཟླ་ཆུ་ཕྲན་དར་འཆགས་ཞེས་འཕྱི་བ་དང་།
གྲུམ་པ། སྦྲུལ། དྲེད། སྦལ་བ་སོགས་དགུན་དུ་ཉལ་བའི་སྲོག་ཆགས་རྣམས་ཉལ་མགོ་བཙུགས་པའམ་ཆུ་ཕྲན་ལ་ཆབ་རོམ་འཆགས་པ། བཅུ་གཅིག་པ་ལ་དགུན་ཨ་རང་རྟ་རྫའམ་དགུན་ཨ་རང་ད་རང་ཞེས་གྲང་ངར་ཆེ་ཤོས་ཀྱི་དགུན་ངོ་མར་སླེབས་པ། བཅུ་གཉིས་པ་ལ་ལུག་རྫ་ཉིན་ཞུ་མཚན་འབོལ་ཞེས་ཡུལ་གྲུ་ལ་ལྷགས་མགོ་ལྷོད་དེ་ཆབ་རོམ་ཉིན་མོར་ཞུ་ཞིང་མཚན་ལ་འབོལ་བ་བསྟན་པ་ལྟ་བུ་དང་། ཡང་། ཁྱི་ཕག་གཉིས་ལ་ཟས་ཟོ། རྟ་ལུག་གཉིས་ལ་གོས་གྱོན་ཞེས་ཟླ་བ་གསུམ་པ་བཞི་པ་གཉིས་ལ་ཉིན་རིང་མཚན་ཐུང་། ཆུ་དང་ཉི་མ་སྡུག། དཀར་གསུམ་དམར་ཟས་སྔོ་ཟས་ཅི་ཡང་དཀོན་པའི་དུས་སུ་ཟས་ཅི་བཟང་གང་བཟང་བཟའ་དགོས་པ་དང་། ཟླ་བ་བཅུ་གཅིག་བཅུ་གཉིས་ལ་ནམ་ཟླ་ཆེས་གྲང་བའི་དུས་སུ་སླེབས་པས་གོས་ཅི་བཟང་གང་བཟང་གྱོན་དགོས་པ་བསྟན་པ་ལྟ་བུ་སོགས་ཀྱིས་དཔྱིད་ཟླ་གསུམ་ལ་རྨོ་འདེབས་དང་། དབྱར་ཟླ་གསུམ་ལ་རྩྭ་ལྡུམ་འབལ་གསོག། སྟོན་ཟླ་གསུམ་ལ་ལོ་ཏོག་རྔ་སྡུད། དགུ་ཟླ་གསུམ་ལ་གཤིན་སྲུང་ལུད་གསོག་གི་བྱ་བ་རྣམས་ཁ་གསལ་ཞིང་མདོར་འདུས་པར་བསྟན་པ་ལྟ་བུ་དང་། དེ་བཞིན་ཁམས་ཕྱོགས་སུ་དར་བའི་ནས་ཀྱི་བཤད་པ་ལ། ཨ་ནས་ལྷ་ནས་དཀར་པོ་འདི་འོང་ས་འོང་ཁུངས་གང་ནས་བྱུང་ཟེར་ན། དང་པོ་ཡར་ཀླུང་ཕུགས་ལ་མཚོ་ཞིག་ཡོད། མཚོ་དེའི་ཐོག་ལ་དར་ཞིག་འཆགས། དར་དེའི་ཐོག་ལ་སྤང་ཞིག་ཡོང་། སྤང་དེའི་ཐོག་ལ་ནས་གསུམ་བྱུང་། ནས་འབྲུ་གཅིག་འབྲུ་གཉིས་འབྲུ་གསུམ་ལས། འབྲུ་དང་པོ་ཨ་སྔོན་གནམ་ལ་འཕངས། སེར་ཉི་ཟླ་གཉིས་ལ་གཉའ་ཞིག་འཆོས། གཉའ་མི་འཛོམས་ཉིན་འགྲོ་མཚན་འགྲོ་རེད། གནམ་ཨ་སྔོན་དབྱིངས་ལ་ཐོག་མི་འདེབས། འབྲུ་གཉིས་པ་བྲག་གི་སྟེང་ལ་འཕངས། བྱ་རྒོད་གླག་གཉིས་ལ་གཉའ་ཞིག་འཆོས།།གཉིས་མི་འཛོམས་གཡས་ལྡིང་གཡོན་ལྡིང་རེད།བྲག་མཐོན་པོའི་སྟེང་ལ་ཐོག་མི་འདེབས། འབྲུ་གསུམ་པ་སྔོ་ལྗང་སྤང་ལ་འཕངས། མཛོ་ཁྱུང་དཀར་གཉིས་ལ་གཉའ་ཞིག་བཅོས། ཕ་རྒན་མི་ལ་རས་པས་ཞིང་རྨོས། མ་རྒན་རྗེ་བཙུན་སྒྲོལ་མས་སོན་འདེབས། བུ་ཆུང་ལོ་བརྒྱད་ཀྱིས་སྣ་འཁྲིད། སྣམ་བུ་མཐོ་བརྒྱད་ཀྱིས་གོས་དྲུབས། རོལ་གཅིག་རོལ་གཉིས་རོལ་གསུམ་རྨོས། དང་པོ་རོལ་གཅིག་རྨོས་པ་དེ། སྦྲུལ་ནག་པོ་ཐུར་ལ་རྒྱུགས་འདྲ་རེད། དེ་རྗེས་རོལ་གཉིས་རྨོས་པ་དེ། བཟོ་མཁས་པས་ཐིག་སྐུད་རྒྱག་འདྲ་རེད། དེ་རྗེས་རོལ་གསུམ་རྨོས་པ་དེ། མ་འབྲུག་མོས་སྐུད་ཆག་ཤད་འདྲ་རེད། ཞག་གཅིག་ཞག་གཉིས་ཞག་མ་གསུམ། ཞག་མ་གསུམ་གྱི་ནངས་ཀ་ལ། དཀར་རྩི་ཁུང་ནས་འབུད་ཡོང་ཟེར། ཞག་གཅིག་ཞག་གཉིས་ཞག་མ་བདུན། ཞག་མ་བདུན་གྱི་ནངས་ཀ་ལ། རྐ་རེ་རྐང་རེ་བུད་ནས་བྱུང་། དང་པོ་ཡུར་མ་ཡུར་བ་དེ། བྱེའུ་མཆིལ་མས་རྒུམ་བུ་འཐུ་འདྲ་རེད། གཉིས་པ་རྩྭ་ལྡུམ་འབལ་བ་དེ། ལྷ་བླ་མས་མཆོད་པ་བཤམས་འདྲ་རེད། དེ་རྗེས་ནས་གཅིག་བརྔ་བ་དེ། འབྲི་གཡུང་མོས་གཟན་རྩྭ་ཟ་འདྲ་རེད། དེ་རྗེས་ནས་གཅིག་སྡོམ་པ་དེ། གཡག་རྒོད་པོས་རྔ་མ་གཡུག་འདྲ་རེད། དེ་རྗེས་ནས་གཅིག་སྐྱ་བ་དེ། ས་སྟོད་སྨད་ཚོང་པ་གཤར་འདྲ་རེད། དེ་རྗེས་ནས་གཅིག་བརྩིག་པ་དེ། གོང་བླ་མས་མཆོད་རྩིག་རྒྱག་འདྲ་རེད། དེ་རྗེས་ནས་གཅིག་རྡུང་བ་དེ། གཡུ་འབྲུག་སྔོན་པོ་གྲགས་འདྲ་རེད། དེ་རྗེས་ནས་གཅིག་འཕྱར་བ་དེ། ཁ་བ་བུ་ཡུག་འཚུབ་འདྲ་རེད། དེ་རྗེས་ནས་གཅིག་བཙགས་པ་དེ། སྤང་ལ་སེར་བ་རྒྱག་འདྲ་རེད། ཨ་ནས་ལྷ་ནས་འདི་ལ་ལ་གསུམ་ཡོད། སྒོ་ཐེམ་ཕྲ་མོའི་ལ་དང་གཅིག། རྒྱ་སྐས་ཕྲ་མོའི་ལ་དང་གཉིས། ཐུར་ལྡུག་ཕྲ་མོའི་ལ་དང་གསུམ། ཨ་ནས་ལྷ་ནས་དཀར་པོ་འདི། ཡོང་རབས་ཡོང་ལུགས་དེ་འདྲ་རེད་ཅེས་པ་ལྟ་བུ་དང་། དེ་བཞིན་མདོ་སྨད་དཔའ་རིས་ཡུལ་གྱི་ནས་ཀྱི་བཤད་པ་ལ།ས་འབུ་ནག་ཆུང་གཟན་ལ་བཞག།སྦལ་བ་མཛོལ་གྱི་ནང་ལ་ཡོང་།།བལ་ཐིག་ནེམ་མོ་ནེམས་སེ་ཐལ།།སྦལ་བ་རྒྱལ་པོ་ཅར་དེ་ཐལ།།ནས་ཤྭ་བ་རྒན་པོའི་ལག་ལ་ཆུད།།མི་མགོ་ནག་ཁ་བསོད་ཆེ་རྒྱུ་རེད།།ཤྭ་བ་རྒོན་པོས་ནས་ནག་རྙེད།།དགའ་སྤྲོས་བློ་རྩེ་ཉི་ཤུ་བཀོད།།བསམ་བློ་བཞི་གསུམ་བཅུ་གཉིས་བཏང་།།ནས་དགུང་ལ་འདེབས་རྒྱུར་ཐག་གིས་བཅད།།འབྲུ་འདེབས་པའི་སྟབས་ཀ་འགྲིག་རྒྱུ་རེད།།
༼ མུ་འགོད། ༽
