国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མདོ་སྨད་ཁྲོ་རྟ་ལ་བསྟོད་པ།༼ ཞར་བཀོད་ཁག་གསུམ། ༽

གེ་སར་དཔའ་བོའི་གནམ་རུའི་རྒྱུད་ལས་

གློ་བུར་ཤོར་བའི་ཉག་ཕྲན་བཞིན།།

ན་དང་སྤང་ངམ་རི་བོའི་མགུལ་དག་མཐའ་

དབུས་མེད་པར་ཀུན་ནས་བརྟོལ།།

རྨ་ཀླུང་རིང་མོའི་རླབས་ཀྱི་སྒྲ་དབྱངས་སུག་

བཞིའི་འགྲོས་དང་ལྷན་ཅིག་ལྡེམ།།

རྨོངས་མུན་དཀྲོག་པའི་འཚེར་སྐད་གཅིག་གིས་

གནམ་སའི་བར་དབྲག་དུས་གཅིག་ཕྱེ།།

གཡུལ་གྱི་རྡུལ་སྨུག་དྲག་ཏུ་འཐིབས་པ་དྲི་བཞོན་

གཤོག་པས་ཀུན་ཏུ་གཤགས།།

ལམ་གྱི་ངལ་བས་ཤིན་ཏུ་གཙེས་པ་འདེགས་འཇོག་

རོལ་མོས་རབ་ཏུ་སེལ།།

སྨག་ནག་སྒྱུ་མས་དམ་དུ་བསྒྲིབས་པ་ཤེས་རབ་

སྤྱན་གྱིས་ཆེས་ཆེར་གསལ།།

ཕ་རིའི་གླུ་དང་ཚུ་རིའི་སེམས་གཉིས་སྐྱ་ལམ་

གཅིག་གིས་དམ་དུ་སྦྲེལ།།

མགྱོགས་པའི་བང་དང་ལྷན་ཅིག་འཁྱུག་པ་

དཔའ་དང་མཛངས་པའི་གློག་ཞགས་ཀྱིས།།

སྲས་ཆུང་ཇོ་རུའི་སྲིད་ཀྱི་མངའ་ཐང་འབྲོག་

སྡེ་ཆེན་མོར་གསལ་བར་བྱས།།

དཔའ་ཐུལ་སུམ་ཅུའི་མི་ཕྱེད་གཡར་དམ་འབྲོག་

མི་རེ་རེའི་སེམས་སུ་ཟུག།

མི་ལོ་སྟོང་གི་ངོ་མཚར་ལྷ་སྒྲུང་ཉི་མ་ཟླ་བས་

ཡང་ཡང་བཟླས།།

ཨེ་མ་རྨ་ཁུག་རྟ་མཆོག་ཁྱོད་ནི་དེང་ཡང་ངལ་བའི་

སྐབས་མེད་པར།།

བསྐལ་པའི་ཕུག་པ་ཀུན་ནས་བརྒལ་ཏེ་

དུས་རབས་གསར་པར་སླེབ་པ་བཞིན།།

བག་འཁུམས་སྒྲོག་དང་སྐད་ཅིག་བྲལ་ནས་

ནམ་མཁའི་མཐའ་རུ་ཤོར་བ་ན།།

འབྲོག་དམངས་འབུམ་གྱི་ལྟ་བའི་ཀློང་དུ་

རིག་པའི་འོད་སྣང་ངང་གིས་འཕྲོས།།

དྲན་པ།

ལན་གསུམ་འོ་མའི་མཆོད་བསྟོད་

རང་བྱུང་ངག་གི་དབྱངས།།

རྟ་ནག་སྒྲོག་འགྲོས་རྗེས་ལ་

འཇའ་ཚོན་བསླེས་པའི་གུར།།

ཡང་ཐུལ་དམ་པའི་མི་བདུན་བ་རྡོ་མ་འཁྱག་ཙམ།།

ཕ་རིའི་འབྲོག་སྡེ་དེ་ལ་སྒྲུང་གླུ་མང་ཙམ་གདའ།།

སྣང་བ།

མེ་ཏོག་ཚལ་ལ་བསྲིངས་པའི་ལག་པ་

ཚོས་ཀྱིས་ཁེབས།།

རྩྭ་རྩེའི་ཟིལ་བར་སྲེད་པའི་སྲིན་འབུ་

འོད་ཀྱིས་གསལ།།

ཉི་ཐིག་རྐང་རྗེས་འདེད་པའི་དུས་

ཚོད་དྲོད་ཀྱིས་ངལ།།

འདི་ཕྱིའི་ཟམ་པར་ལུས་པའི་སྤོ་བོ་

ཁ་མཁས་དེས།།

རེ་ཞིག་སྨྲ་བ་བཅད་ནས་དྲན་པ་

ཐགས་སུ་འཐག།

འགལ་འདུ།

ལྷ་ཞལ་མངོན་སུམ་མཐོང་བས་འདི་

སྣང་སྒྱུ་མདུད་ཅིག།

གཡག་རྒན་རྒྱབ་ལ་རེག་པས་

རྔུལ་ནག་ཚ་བ་ཚོར།།

མིག་བཙུམ་མུན་པའི་ཀློང་ནས་སྲིད་པའི་

མཐའ་ཡང་མཐོང་།།

ཞོ་སྐྱུར་ཀ་ར་མངར་མོའི་འདྲེས་མཚམས་

གང་ན་གདའ།།

མཆུ་སྒྲོས་བདུད་རྩི་འཐུང་བའི་

བྲོ་བ་ཡལ་བ་ན།།

ལྕེ་ནི་ཉོག་གཏམ་དཀྲོལ་བའི་

རོལ་ཆས་རྙིང་པ་ཞིག།

༼ སྐྱབས་ཆེན་བདེ་གྲོལ། ༽