国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཉེ་གམ་གྱི་ལྷ་མོ།

ལྷ་ཚོགས་མེ་ཏོག་འདུས་པའི་སྤང་ལྗོངས་སུ།།

འཛུམ་ཆུང་འོ་མའི་མདངས་སུ་གྲོལ་བའི་མུར།།

རྗེས་ཆགས་ཉམས་བརྒྱ་འབར་བའི་ལྷ་མོ་དེ།།

ང་ཡི་ཞེ་སེམས་གཏིང་གི་དཀྱིལ་དུ་བཞུགས།།

སྣ་མང་སྲིད་པ་འཁོར་བའི་མཚོ་ངོགས་སུ།།

རང་དབང་གཤོག་པ་ཐོགས་པའི་བྱེའུ་ཆུང་ཞིག།

བདག་གི་གྲོགས་སུ་འགུགས་ཏེ་ཁྱེད་རང་གི།

ཕྱོགས་ཀྱི་དག་ཞིང་དེ་ལ་འཕུར་བར་བྲེལ།།

རྩྭ་ཟིལ་རླུང་གིས་སྤུར་བའི་བས་མཐའ་ཞིག།

ཁེར་རྐྱང་གླིང་བུ་འབུད་པའི་ལ་ཁ་དེར།།

ཚོར་བ་དབྱངས་ལ་བརྒྱུས་པའི་ངག་རིག་གི།

སྙན་པའི་འགྱུར་ཁུག་རྫོགས་པའི་ན་ཆུང་ལགས།།

བདག་ནི་མི་ཡུལ་ས་ནག་གད་པའི་ཀློང་།།

ནམ་ཡང་ཡར་འགྲོ་མར་རྒྱུགས་བྱས་ཀྱང་རུང་།།

འདི་ནས་མི་ཚེ་སྙིང་པོ་རྙེད་འདྲ་བའི།།

རིན་ཐང་ཆུང་ངུ་ཙམ་ཞིག་གང་ནས་ཐོབ།།

ངེས་མེད་འཁོར་བའི་རེ་དོགས་ཆེ་ན་ཡང་།།

ཞེ་ཆགས་མགྲིན་པའི་ངག་རྟར་གསན་མཛོད་དང་། །

མ་བཅོས་ངང་དུ་རྒྱུ་བའི་འགྱུར་ཁུག་ཁྲོད།།

བདག་གི་སེམས་ཀྱི་དྲན་ཤིང་ཁྱེད་རང་ཡིན།།

ཕུལ་བྱུང་རྟ་བདུན་འཆར་བའི་གནམ་ཐང་དུ།།

སླས་མཐར་ཅང་ཤེས་རྟ་ཕོ་མཐུར་མེད་ལ།།

ཞོན་ཏེ་ས་གཞིའི་རི་ལུང་མང་དུ་འགྲིམས།།

མི་ཚེའི་འཚོ་བ་གང་ནས་རྫོགས་ཀྱང་རུང་།།

ཤེལ་དཀར་ཚིག་གི་ཕྲེང་བ་ཤམ་ཤམ་དུ།།

ཕ་ས་གངས་རིའི་ལྗོངས་ཀྱི་ལྟེ་བ་ཆེ།།

མདོ་སྨད་ཆོས་ཀྱི་ར་བའི་ལུང་པ་ནས།།

བདག་གིས་ཁྱེད་ལ་འབོད་པ་སྔར་བས་ཟབ།།

ང་ནི་མ་རིག་མུན་པའི་བཙོན་རལ་དུ།།

གཏན་དུ་འཆམ་འཆམ་བྱེད་བཞིན་གང་ས་རུ།།

ལྡོམ་སྟེ་ཁྱོད་ཉིད་འཚོལ་བའི་ལམ་ཁ་རེ།།

ང་ཡི་འདུན་མ་འཆང་བའི་ལམ་ཁ་རེ།།

༼ ཁམས་ཟླ་སྲས། ༽