གོས་རྒྱན་ནི་མི་རིགས་ཤིག་གི་མཛེས་རིག་ལྟ་བ་དང་རིག་གནས་ལོ་རྒྱུས་ཀྱི་མཚོན་བྱེད་གལ་ཆེན་ཞིག་ཡིན་པར་མ་ཟད། ས་ཆ་རེ་ལ་སྐད་ལུགས་རེ། ལུང་པ་རེ་ལ་ཆ་ལུགས་རེ་ཞེས་པའི་དཔེ་ལྟར། ས་གནས་རང་རང་གི་ཡུལ་གྱི་བཀོད་པ་དང་། གནམ་གཤིས་དྲོ་གྲང་། རོང་འབྲོག་པའི་ལས་རིགས་མི་གཅིག་པ་སོགས་ལས་ས་ཁོངས་རང་བཞིན་གྱི་གོས་རྒྱན་སྣ་ཚོགས་ཤིག་དར་དང་དར་བཞིན་ཡོད་ལ། དུས་རབས་ཀྱི་འགྲོས་དང་བསྟུན་ནས་གསར་གཏོད་རང་བཞིན་ཀྱང་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད། སྨད་དཔའ་རིས་ས་ཆ་ནས་སྟོད་མངའ་རིས་ཡུལ་གྱི་བར་དུ་གནས་པའི་གངས་ཅན་མདོ་དབུས་ཁམས་གསུམ་ལ་མཚོན་ན་གོས་རྒྱན་གྱི་ཆ་ལུགས་སྣ་ཚོགས་ཤིག་གྲུབ་ཡོད། ཐེངས་འདིའི་གངས་དཀར་དུས་དར་དགོང་ཚོགས་ལས་ཁམས་སྡེ་དགེ་གཙོས་པའི་ཡུལ་གྲུ་འགའི་གོས་རྒྱན་བཤམ་འཁྲབ་རྒྱ་ཆེ་བའི་ལྟད་མོ་བ་ཡོངས་ཀྱི་མིག་གི་དགའ་སྟོན་དུ་བཤམས་པ་རེད།
ཉེ་ཆར། དར་མདོ་གྲོང་ཁྱེར་མཛའ་གཞས་ཐང་ཆེན་དུ་གངས་དཀར་དུས་དར་དགོང་ཚོགས་གཟབ་རྒྱས་ཤིག་འཚོགས་ཏེ་བསོད་ནམས་མིག་གི་ལོངས་སྤྱོད་ཡུལ་དངོས་དང་ཐད་གཏོང་བརྒྱུད་དེ་མི་རྣམས་ལ་བསྩལ་ཡོད། དེ་ལས་ཁམས་ཀྱི་རིག་གནས་ཆོལ་ཁ་ནས་ཡོང་བའི་སྡེ་དགེ་རྫོང་གིས་གངས་རིའི་མཐོང་རྒྱ་དང་རྩྭ་ཐང་གི་ཁོག་རྒྱ། རིག་གནས་ཀྱི་གསང་རྒྱ་ཡིས་ཡོངས་སུ་ཕྱུག་པའི་སྡེ་དགེའི་གོས་རྒྱན་རིག་གནས་གནའ་སྲོལ་མ་ཉམས་ལ་དེང་རབས་ཀྱི་གཞི་རྒྱུ་ཕུན་སུམ་ཚོགས་པ་མངའ་བ་ཞིག་གར་སྟེགས་སུ་བཤམས་ཏེ་འཛམ་གླིང་ལ་བོད་འབྲེལ་ས་ཁུལ་གྱི་མཛེས་རིག་གི་ཡིད་དབང་འཕྲོག་ཤུགས་ཀུན་ནས་མངོན།
བའི་གསང་བ་གནས་པའི་གོས་རྒྱན་སྣ་མང་གྲུབ་ཡོད། གོས་རྒྱན་གྱི་ཚོན་སྡེབ་ཐད་ནས་བཤད་ན་གཞི་ནག་སྨུག་ལ་མཐིང་མདོག་སྤེལ་བ་དེ་མཐོ་སྒང་གི་མཚན་མོའི་མཁའ་དབྱིངས་ཀྱི་ལྷིང་འཇགས་མཚོན་པ་དང་ཀུན་ནས་འདྲ་ཞིང་། གོང་བ་དམར་པོ་དང་ཕུ་ཁ་སེར་པོ། གོས་གཤམ་སྔོན་པོས་བརྒྱན་པ་དེ་ནི་གངས་རི་སྟེང་དུ་བཞད་པའི་སྐལ་བཟང་མེ་ཏོག་དང་ཨ་ན་མ་ན་རེད། བཟོ་པའི་སོར་རྩལ་ཐོན་པའི་ཁབ་ཚུགས་ཞིབ་མོས་བཀྲ་ཤིས་པའི་རི་མོ་དང་གངས་རིའི་གླག་རྒོད་སོགས་སྲོལ་རྒྱུན་རི་མོ་གོས་རྒྱན་ལ་མཛེས་རྒྱན་གྱི་ཚུལ་དུ་འཚེམ་དྲུབ་བྱས་ཤིང་། དངུལ་གྱི་གོང་སྒྲོག་དང་ཟངས་ཀྱི་རྐེད་རྒྱན། དེ་བཞིན་སྐྲ་ལོའི་བྱུ་རུའི་ཕྲེང་བ་སོགས་གཅིག་རྒྱན་གཅིག་སྤྲས་ཀྱི་རྣམ་པ་ཆགས་ཡོད་པ་དང་། བཤམ་འགྲོས་ཁྲོད་ཀྱི་སིང་སྒྲ་དེ་ཡང་མཐོ་སྒང་གི་རོལ་དབྱངས་སྙན་མོ་ཞིག་བར་མེད་དུ་བཀྲོལ་བ་དང་ཡོངས་སུ་མཚུངས།
ད་ཐེངས་ཀྱི་བཤམ་འཁྲབ་ནི་སྲོལ་རྒྱུན་དང་དེང་རབས་གཉིས་ཐབས་མཁས་པོས་མཉམ་འདྲེས་གང་ལེགས་བྱས་པ་ཞིག་ཡིན། ཇུས་འགོད་པས་སྡེ་དགེ་གོས་རྒྱན་གྱི་གྲུབ་རྐྱེན་གཙོ་བོ་སོར་འཇོག་བྱས་པའི་རྨང་གཞིའི་ཐོག་བཟོ་དབྱིབས་ལ་ཚད་རན་པོས་ལེགས་བཅོས་བྱས་ནས་གོས་གཤམ་གཞུ་ཚད་དེ་གར་སྟེགས་ཀྱི་འགུལ་སྐྱོད་དང་དེ་བས་འཚམ་པོར་བཟོས་ནས་རྒྱན་སྤྲས་ཀྱི་བཀོད་པ་དེང་རབས་ཀྱི་མཛེས་རིག་དང་ཡོངས་སུ་མཐུན་པ་བྱས་ཡོད། གཟུགས་དཔེ་བས་གོས་རྒྱན་དེ་དག་གྱོན་ནས་གར་སྟེགས་སུ་ཉམས་བརྒྱས་ཕྱུག་ནས་ཡོང་སྐབས། གོམ་སྟབས་ཁྲོད་དུ་བོད་རིགས་བུ་ཕྲུག་གི་བློ་དཀྱེལ་ཡངས་ལ་གཞུང་དྲང་བག་ཕེབས་པའི་རང་གཤིས་མངོན་པར་མ་ཟད། ད་དུང་དུས་དར་གྱི་སྐྱིད་སྣང་དོད་པའི་རྐྱོང་ཤུགས་ཀྱང་ལྡན་ཡོད་པས། སྡེ་དགེ་བས་གོས་རྒྱན་གུས་ལུགས་ཀྱི་གྲལ་འགོར་བཞག་པ་དང་གོས་རྒྱན་རྣམ་ཤེས་ཀྱི་རྟེན་དུ་བརྩི་བའི་རིག་གནས་ཀྱི་ནང་དོན་མངོན་གསལ་དོད་པོས་བསྟན་པ་རེད།
སྡེ་དགེའི་གོས་རྒྱན་བཤམ་འཁྲབ་ནི་གཟུགས་མེད་རིག་གནས་ཤུལ་བཞག་ལ་ཚེ་སྲོག་གི་སྟོབས་ཤུགས་གསར་པ་བསྩལ་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ། ས་ཁོངས་རིག་གནས་མང་ཚོགས་ཀྱི་མཐོང་ཕྱོགས་སུ་བསྐྱོད་པའི་འཚོལ་ཞིབ་ནུས་ལྡན་ཞིག་ཀྱང་རེད། མཐོ་སྒང་གི་འབྲོག་པའི་སྦྲ་གུར་ནས་དུས་དར་དགོང་ཚོགས་ཀྱི་འོད་སྡུད་གློག་སྒྲོན་འོག་ཏུ་བཤམ་འཁྲབ་ཀྱི་བར་དུ་སྡེ་དགེའི་གོས་རྒྱན་གྱིས་མཛེས་རིག་གི་རིན་ཐང་ངོམ་པར་མ་ཟད། མི་རབས་ནས་མི་རབས་བར་གྱི་རིག་གནས་ཀྱི་རྩ་བ་ཡང་བརྟན་སྲུང་བྱས་ཡོད། དར་སྐུད་རེ་རེར་ལོ་རྒྱུས་ཀྱི་དྲན་ཤེས་མངོན་པ་དང་འཚེམ་དྲུབ་རེ་རེར་མི་རིགས་ཀྱི་རྣམ་དཔྱོད་སྦས་ཡོད་ལ། བཤམ་འཁྲབ་རེ་རེས་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་གསར་པ་སྦྱིན་བཞིན་ཡོད།
གངས་དཀར་དུས་དར་དགོང་ཚོགས་རེ་ཞིག་མཇུག་རྫོགས་ཀྱང་སྡེ་དགེ་གོས་རྒྱན་གྱི་མཛེས་རིག་གཏམ་རྒྱུད་མུ་མཐུད་དེ་སྤེལ་བཞིན་ཡོད། ས་ཆ་དེ་གའི་བཟོ་པ་ཚོས་གནའ་བོའི་ལག་རྩལ་བརྟན་སྲུང་བྱེད་ཀྱིན་ཡོད་པ་དང་། ཇུས་འགོད་པས་སྔར་བཞིན་གསར་གཏོད་ཀྱི་ཐབས་ཚུལ་འཚོལ་ཞིབ་བྱེད་ཀྱིན་ཡོད། བཤམ་འཁྲབ་བརྒྱུད་དེ་མི་དེ་བས་མང་པོས་བོད་རིགས་གྱོན་ཆས་རྒྱབ་ཏུ་ཡིབ་པའི་རིག་གནས་གསང་གྲངས་ཤེས་རྟོགས་བྱུང་དུ་བཅུག་ཡོད། འབྱུང་འགྱུར་ལ་སྡེ་དགེ་རྫོང་གིས་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུ་ནོར་རྩ་ཆེན་དེ་མུ་མཐུད་ནས་སྲུང་སྐྱོང་བྱས་ཏེ། ཡངས་ཤིང་རྒྱ་ཆེ་བའི་ཡུལ་གྲུ་ཀུན་ཏུ་མཐོ་སྒང་མཛེས་རིག་གི་འོད་སྟོང་སྔར་བས་འཕྲོ་བ་དང་། འཛམ་གླིང་ལ་མཐོ་སྒང་གི་རིག་གནས་ཕུན་སུམ་ཚོགས་པའི་སྐད་སྙན་རྒྱུན་ཆད་མེད་པར་བསྒྲག་རྒྱུ་ཡིན་པ་རེད།།
( བདེ་ཆེན་དབང་མོས་བྲིས།)
