国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱངས་སུ་གྱེར་བའི་ཀུན་རྟོག་བན་བུན།

སྲིད་པའི་རི་གྲོང་དཀྱིལ་གྱི་སྣ་ཚོགས་ཀྱི་གཟུགས་བརྙན།།

ནང་སེམས་འཁྲུལ་བའི་ཆོ་འཕྲུལ་ཁོ་ན་ལས་བྱུང་བས།།

ཀུན་རྟོག་སྨྱོན་པ་གྱུར་པའི་རང་མཚང་འདི་ཤེས་ན།།

བདེན་འཛིན་རྨི་ལམ་མཐུག་པོའི་མཁར་རྫོང་ལས་ཐར་འགྲོ།།

ཁ་དོག་སྣ་ཚོགས་བཀྲ་བའི་འཆར་ཡན་གྱི་སྣང་བ།།

ནམ་མཁར་འཇའ་སྤྲིན་འཁྲིགས་པའི་གུར་ཁྱིམ་ལས་བྱུང་བས།

འདྲེན་བྱེད་རབ་རིབ་གྱུར་པའི་རང་མཚང་འདི་ཤེས་ན།།

མཐོང་ལམ་མག་མོག་གྱུར་པའི་གནས་ལུགས་དེ་མངོན་ཡོང་།།

སྨུག་པའི་ན་བུན་བན་བུན་བར་སྣང་དུ་འཐིབས་པ།།

ལྷོ་ཕྱོགས་སྲིད་པའི་སྒྲོན་མེ་ནུབ་པ་ལས་བྱུང་བས།།

ཤར་ཕྱོགས་ཉིན་མོའི་འདྲེན་པ་མཁའ་དབྱིངས་སུ་ཤར་ན།།

སྨག་གི་འཇིག་རྟེན་འོད་ཟེར་ཆེམ་ཆེམ་དུ་འཚེར་ཡོང་།།

ལོ་ཟླའི་ཁ་བ་འཁྱག་པོའི་གྲང་རེག་གི་འཚོ་བ།།

གྱེས་བྲལ་ཕྱི་མིག་སྐྱ་བོའི་ཚོར་བ་ལས་བྱུང་བས།།

འདུ་འབྲལ་ཆོས་ཉིད་ཟབ་མོར་ངེས་པ་ཞིག་རྙེད་ན།།

གདུང་བའི་སེམས་པ་གཉོམ་པོའི་སྐྱོ་བ་དག་སངས་འགྲོ།།

༼ མཱ་ལ་ཏི། ༽