国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྩག་པ།

ལོ་རབས་དགུ་བཅུའི་སྨད་དུ་ངེད་ཚང་གི་ཨ་ཕར་ལུག་པགས་པས་བཟོས་པའི་རྩག་པ་དྲོན་པོ་ཞིག་ཡོད། རྩག་པ་དེའི་ཁ་འདབས་སུ་ཁ་གྱོན་ནག་པོ་ཞིག་ཡོད་ལ་གོང་བའི་ཁར་གོས་ཆེན་སེར་པོ་ཞིག་གསེག་ཏུ་བརྒྱབ་ཡོད། དེ་ནི་ཨ་ཕས་རང་ཉིད་ལ་ཆེད་དུ་བཟོས་པའི་རྩག་པ་འདང་ཆེན་ཞིག་ཡི། མི་མང་ཚོགས་ས་དང་དགའ་སྟོན་སོགས་ཀྱི་སྐབས་སུ་ཨ་ཕས་ད་གཟོད་ཆེད་དུ་འཕྱོར་ལྭ་བྱས་ནས་གོན་པ་མ་གཏོགས་ནམ་རྒྱུན་གོན་ཐུབ་ཀྱིན་མེད་པ་འདྲ།

ང་ལ་ཕུ་བོ་གཉིས་དང་དང་ཨ་ཅེ་གཅིག་ཡོད་ལ་ངེད་ཅག་ཚང་མ་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་རིམ་བཞིན་ཨ་ཕའི་པགས་རྩག་གི་མཐུ་འོག་ནས་ནར་སོན་སྟབས། ཚང་མར་ཨ་ཕའི་བརྩེ་བ་དང་རྩག་པའི་དྲོད་ཁོལ་གྱིས་བསྐྲུན་པའི་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་གདོན་མི་ཟ་སྟེ། ཁྱད་པར་དུ། སྐབས་ཐོག་དེར་ངེད་ཚང་གི་བཟའ་མི་གང་བོ་ཐབ་ཀའི་གཡས་གཡོན་དུ་གོ་འདུས་བྱུང་སྟེ་དགོང་ཟས་མ་ཚགས་པའི་སྔ་རོལ་དུ་ལབ་གླེང་བྱེད་སྐབས། ང་རང་ཨ་ཕའི་རྩག་པའི་མཐུ་སྣེ་རུ་འཛུལ་ཏེ་ལྷུག་ལྷུག་ཏུ་དགོད་ཞོར་མི་ཤེས་ཤེས་མདོག་གིས་ཕུ་བོ་དང་ཨ་ཅེ་ལ་ཀུ་རེ་དང་ཨ་མཚར་བཤད་དེ་དགོད་ཁ་འཆོར་དུ་འཇུག་པ་ནི་ང་ཡི་གོམས་གཤིས་ཤིག་དང་བདེ་སྐྱིད་ཅིག་ཏུ་བརྩིས་པ་ཡིན།

དེ་དུས་ང་རང་ལོ་བརྒྱད་དགུ་ཞིག་ཡིན་ལ་ཨ་ཕའི་རྩག་པ་བཟོས་ནས་ཀྱང་ཕལ་ཆེར་ལོ་ངོ་བཅུ་ཁ་ཞིག་འགོར་སོང་བ་འདྲ། རྩག་པའི་ཚུགས་ཀའམ་ཁ་དོག་ཀྱང་སྔར་དང་བསྡུར་ན་ཅུང་འགྱུར་ལྡོག་བྱུང་སྟེ་རྙིང་ཞེན་དུ་གྱུར་ཡོད་པར་མ་ཟད། ཨ་ཕས་ཀྱང་ཡར་སྔོན་འཕྱོར་ལྭ་བྱེད་སྐབས་ཀྱི་གཅེས་སྤྲས་དེ་འདྲ་ཞིག་མི་བྱེད་པར་ཉི་མ་དྲོ་དུས་མ་གཏོགས་རྒྱུན་གོན་བྱེད་བཞིན་མཆིས། སྐབས་ལན་རེར་ཨ་ཕ་རྫི་བོ་དང་རྫོང་ཐོག་ཏུ་སོང་ནས་ཕྱིར་ཡུལ་ལ་ལོག་པར་ང་རང་བྲེལ་བ་ཞིག་ངང་གིས་ལངས་ཡོང་། དེ་ནི་ཨ་ཕའི་རྩག་པ་གོན་ནས་ཐབ་ཀའི་འཁྲིས་སུ་མེར་ལྡེ་འདོད་པ་དེ་ཡིན། ཨ་ཕའི་རྩག་པའི་རུམ་ནས་ཉལ་བའི་ལོ་ཟླ་དག་ལ་ལྷད་མེད་ཀྱི་བརྩེ་བ་དང་བརྗེད་མེད་ཀྱི་དྲོད་ཁོལ་གྱིས་བརྟས་པའི་ཕྱིར་ད་དུང་དྲན་པའི་ཡོལ་བའི་ངོས་སུ་གསལ་གྱི་ལེར་འཆར་ཡོང་གིན་འདུག། ལོ་ངོ་བཅུ་ཁ་ཞིག་འདས་རྗེས་ཕུ་བོ་སློབ་མཐར་ཕྱིན་ཏེ་ཨ་ཕའི་ཚབ་ཏུ་རྫི་བོར་འགྲོ་དགོས་ཐུག་པའི་ཉིན་དེ་ནས་བཟུང་། ཨ་ཕས་རང་གི་པགས་རྩག་དྲོན་པོ་དེ་ཕུ་བོར་གོན་དུ་བཅུག་སོང་ལ། ཕུ་བོས་ང་ལ་ནམ་རྒྱུན་རྫ་ཁ་དང་རི་ཁར་འགྲོ་དུས་ཨ་ཕའི་རྩག་པ་གྱོན་ཏེ་རྫི་བོར་སོང་ན་ཕལ་ཆེར་གྲང་མྱོང་བའི་ཉིན་གཅིག་ཀྱང་ཡོད་མ་མྱོང་ཟེར་བའི་བཤད་ཚོད་ལ་བལྟས་ན། ཕུ་བོར་མཚོན་ན་ཨ་ཕའི་རྩག་པ་ནི་ཁོ་ཡི་དཔུང་རོགས་དང་རྫི་རོགས་བཟང་པོ་ཞིག་ཏུ་བརྩིས་ཡོད་པ་ཤེས་ཐུབ།

ད་ཆར་ཕུ་བོ་ངེད་གཉིས་ཀྱང་ནར་སོན་ཏེ་གཟུགས་པོའི་རིང་ཚད་ནི་ཨ་ཕ་དང་བསྡུར་ན་རིང་མིན་ནའང་ཐུང་མིན་པའི་ཚད་དུ་སླེབས་ཡོད་པས། རྩག་པ་གོན་ན་ཚད་དང་རན་པ་ཞིག་ཡིན་རྐྱེན། ཕུ་བོ་ངེད་གཉིས་ཀའི་ཟོག་ལུག་ལ་དགའ་མཁན་དང་རྫི་བོར་རྒྱུན་དུ་འགྲོ་དགོས་པ་དེ་ཕུ་བོ་ཡིན་པས་ཨ་ཕའི་རྩག་པ་དྲོན་པོ་དེ་རྒྱུན་དུ་གོན་ཐུབ་མཁན་ཡང་ཁོ་རང་ཡིན་པ་འདྲ། དགུན་ཁའི་ཙག་རླུང་དང་ཁ་ཆར་བུ་ཡུག་གི་ཁྲོད་དུ། རྒྱུན་པར་ཕུ་བོས་ཨ་ཕའི་རྩག་པ་དེ་གོན་ཏེ་མཐོ་སྒང་གི་ལྷགས་རླུང་ཐོད་ཀྱིས་བསུས་ཤིང་རི་སྤྱང་ཀི་བཙན་ས་ཀི་རིང་གིས་བཟུང་བ་ཡིན།

རྩག་པ་དེར་བལྟས་ཚོད་ཀྱིས་དེ་འདྲའི་ཡག་པོ་ཞིག་མིན་པར་གོང་བའི་ཁར་ཚི་དྲེག་ཆགས་ཤིང་ས་རྡུལ་གྱིས་ཅུང་ནོག་པོར་བཏང་ཡོད་ཀྱང་། ཧ་ཅང་གོན་བདེ་བ་དང་དྲོད་ཀྱིས་བརྟས་པ་ཞིག་ཡིན་ཕྱིར་གོན་འདོད་ཀྱི་འདུན་པ་ཞིག་གིས་ཀུན་ནས་བསླངས་ཡོང་། ང་རང་སློབ་གྲྭས་དགུན་གནང་བཏང་ནས་ཕ་ཡུལ་དུ་ལྡོག་ཐེངས་རེར་ཕུ་བོ་རྫི་བོར་འགྲོ་དུས་ད་གཟོད་ངས་ཀྱང་རྩག་པ་དེ་གོན་ཐུབ་ལ། ངེད་ཚང་གི་རྩྭ་སའི་ཕྱེད་ཀ་རུ་བའི་ལྟག་རྒྱབ་ཀྱི་མིག་གིས་མི་མཐོང་སར་ཡོད་རྐྱེན། ཉིན་རྒྱུན་ཕུ་བོས་ནངས་ཇའི་ཁར་ཟ་མ་བརྒྱགས་ཚད་ཅིག་བཟས་རྗེས། རྫི་བོར་སོང་སྟེ་ཉི་མ་ནུབ་རིར་མ་ཡོལ་བར་དུ་རི་སྒང་དུ་འདུག་དགོས་ལ། ནམ་ཟླ་འཁྱག་དུས་སམ་ཙག་རླུང་ཇི་འདྲ་ཆེ་ནའང་རི་སྒང་ནས་སྤྱང་ཀི་ཡོང་བར་སྔོན་འགོག་བྱ་དགོས། རྩག་པ་གོན་ཡོད་སྟབས་གྲང་ངར་གྱིས་ཇི་འདྲ་གཙེས་ཀྱང་ཁོ་ཡི་བྱང་ཁོག་དྲོད་ཀྱིས་ཁེངས་ཏེ་འདུག་བཟོད་པ་ནི་རྩག་པ་དྲོན་པོ་དེའི་བཀའ་དྲིན་ཅི་ལ་མིན།

རྩག་པ་དེ་དང་འབྲེལ་ཡོད་ཀྱི་སྐད་ཆའི་བྱུང་བ་ཞིག་བཤད་ན། ང་ལ་དགུན་གནང་བྱིན་པའི་སྐབས་ཤིག་ལ་ཕུ་བོ་དོན་དག་ག་གེ་མོ་ཞིག་གི་ཕྱིར་དུ་རྫོང་ཐོག་ཏུ་ཕྱིན་པའི་ཉིན་དེར། ང་རང་རྫི་བོར་འགྲོ་དགོས་ཐུག་པས་རང་གི་བོད་ལྭ་སྐྱ་བོ་དེ་གོན་ཏེ་རྫི་བོ་འགྲོ་གྲབས་བྱེད་སྐབས་ཨ་མས་མཐོང་འཕྲལ་དུ་ཞི་ལུ་བོད་ལྭ་གོན་ནས་འགྲོ་ནི་ཅན་པོ་མིན། ཁྱོད་རྟག་ཏུ་སེར་ཁ་དང་ཙག་ཁར་འབུད་མ་མྱོང་སྟབས་དྲོས་འཁྱག་ཏུ་འགྲོ་སླ་བས་ཨ་ཕའི་རྩག་པ་གོན་ན་བཟང་རབ་དང་། ཁྱོད་ཀྱི་ཕུ་བོས་ཀྱང་ནམ་རྒྱུན་ཨ་ཕའི་རྩག་པ་གོན་ནས་རྫི་བོར་སོང་བ་རེད། ཁྱོད་ཀྱིས་ཀྱང་ཨ་མས་ཁར་ཉོན་དང་ཞེས་གནས་ལུགས་ལྡན་པའི་སྐད་ཆ་འཇམ་པོ་ཞིག་གིས་དེ་ལྟར་བསྐུལ་སོང་།

ཡིིན་ནའང་། ང་ལ་ཨུ་ཚུགས་ཆེ་དྲགས་པས་ཨ་མར་རྩག་པ་གོན་ན་མི་ཐེག་པ་དང་མི་ལོབས་པར་བཤད་པ་དང་། ད་དུང་སེམས་ཀྱི་སྣང་ངོར་རྩག་པར་ཚི་དྲེག་གིས་ཟིན་འདུག་པས་སྟོད་ལྭ་དང་རྐང་སྣམ་སོགས་ཚི་ཡིས་ནག་ནོག་བྱེད་རྒྱུ་རེད་སྙམ་པའི་བསམ་པ་ཞིག་སྐྱེས་ཏེ། ཐད་ཀར་ཨ་མར་དེ་རིང་ཉི་མ་དྲོ་བ་མ་ཟད་ཁ་བ་ཡང་འཇམ་པས་རྩག་རྒན་ཞིག་གོན་མི་དགོས་པའི་ཨ་ལན་དེ་འདྲ་ཞིག་བཏབ་ནས། བོད་ལྭ་སྐེ་རགས་བཅིངས་ནས་ཕྱུགས་ཟོག་དེད་དེ་རི་བོའི་ཕར་རྒྱབ་ཏུ་ཕྱིན་པ་ཡིན།

ཉིན་གུང་ཆུ་ཚོད་གཅིག་ཡས་མས་སུ་གློ་རྡེག་ཏུ་ཉི་མ་སྤྲིན་གྱིས་བསྒྲིབས་ཏེ་དལ་དལ་ལྷོད་ལྷོད་ཀྱི་བསིལ་རླུང་གྲང་མོ་ཞིག་གཡུག་མགོ་བརྩམས་བྱུང་། དེ་ནས་ཏག་ཏག་ཆུ་ཚོད་གཅིག་འགོར་རྗེས་སྔར་གྱི་བསིལ་རླུང་གྲང་མོ་དེའི་ངོ་བོ་རླུང་ཆེན་དུ་གྱུར་ནས། འཚུབ་རིས་འཚུབ་རིས་བྱས་ནས་གཡུགས་པས་ངའི་ཁ་ནང་མིག་ནང་དུ་ས་རྡུལ་གྱིས་བཀང་བར་མ་ཟད། བོད་ལྭའི་ལྟག་རྒྱབ་ནས་གྲང་རླུང་གིས་ཡང་ཡང་རྒོལ་བས། ལུས་པོའི་ཕྱི་ནང་གསེང་གསུམ་དུ་གྲང་ཤུར་ཤུར་གྱི་ཚོར་འདུ་ཞིག་གིས་ཀུན་ནས་སློང་ཡོང་གིན་འདུག་པས་ཧ་ཅང་བཟོད་ཐུབ་བྲལ་བ་ཞིག་ཏུ་གྱུར།

དུས་དེར། ད་གཟོད་ངས་ཡིད་ལ་ཨ་ཕའི་པགས་རྩག་གི་དྲོད་ཁོལ་དྲན་པ་དང་ཆབས་ཅིག་ཨ་མས་ཡང་ཡང་བསྐུལ་བའི་གསུང་གི་གནས་ལུགས་ཀྱི་བདེན་པའི་ཆ་དེ་ཡང་ཡང་དྲན་ཞིང་། ད་ནངས་ཨ་མའི་ཁར་མཉན་ཡོད་ན་དེ་རིང་གི་གྲང་རླུང་འདིས་ངའི་དོན་ལྔ་སྣོད་དྲུག་ལ་དེ་འདྲ་ཞིག་གཙེས་ག་ལ་ཐུབ། འཇིག་རྟེན་ཁ་དཔེར། བདེན་པའི་ངག་ལ་མ་ཉན་ན། ། རང་ཉིད་ཕུང་བ་ཤིན་ཏུ་སླ། ། ཞེས་པ་དེ་དྲན་ཞིང་། ད་དུང་ཡང་སྐོར་བསྐྱར་སྐོར་བྱས་ནས་དྲན་འོངས་པ་ནི། སྐྱིད་མི་རྟག་ནམ་མཁའི་འཇའ་ཚོན་འདྲ།། སེམས་མི་རྟག་དབྱར་ཁའི་གནམ་ངོ་འདྲ།། ཞེས་པ་དེ་ཡང་དྲན་ཞིང་ད་ནངས་ཉི་འོད་ཕྱོགས་བཅུར་འཕྲོས་ཤིང་ཁ་བ་འཇམ་ཞིང་བྱ་བྱེའུ་ཚོགས་ཀྱིས་ཀྱུར་ཀྱུར་གྱི་སྐད་སྒྲ་འབྱིན་པ་དང་ཟས་འཚོལ་ནའང་། ད་ནི་གནམ་ངོ་རུབ་སྟེ་གྲང་རླུང་འུར་འུར་དུ་ལྡང་ཞིང་བྱ་བྱེའུ་ཚོགས་རྣམས་གཅིག་ཀྱང་མི་མཐོང་ལ། གྲང་རླུང་གི་བུ་ཡུག་ཁྲོད་ན་འདར་སིག་སིག་ངང་འགྱོད་གདོང་གིས་མནར་བ་ནི་ཨ་མའི་ངག་ལ་མ་ཉན་ཞིང་པགས་རྩག་དྲོན་པོ་དེ་རྒྱབ་ཏུ་མ་བླངས་པའི་ལན་སོང་བ་མ་ཡིན་ནམ་སྙམ་ནས། རང་གིས་རང་ལ་འཁང་ར་ཞིག་བྱེད་ཞོར་ཨ་མ་ནི་ང་ཡི་མ་འོངས་བྱ་གཞག་ལ་ལུང་བསྟན་གནང་མཁན་གྱི་ལྷ་གསོན་པོ་ཞིག་དང་ཨ་ཕའི་རྩག་པ་ནི་གྲང་རླུང་ལ་རྒོལ་ལན་སློག་བྱེད་ཀྱི་གོན་པ་དྲོན་པོ་ཞིག་ཡིན་པ་དེ་རིང་རྫི་བོར་སོང་བས་གཞི་ནས་རྟོགས་སོང་བ་འདྲ།

ད་ནི་སྤྱང་ཀི་ཡོང་ན་ཡོང་དུ་ཆུགས། ཨ་མས་བསྡིགས་ན་བསྡིག་ཏུ་ཆུགས། ཨ་ཕས་བཀྱོན་ན་བཀྱོན་དུ་ཆུགས། གང་ལྟར་ཀི་རིང་གསུམ་བཏབ་རྗེས་ཡུལ་ལ་ལོག་པ་ཡིན། ཡུལ་དུ་ཐོན་མ་ཐག་ཏུ་ཨ་མས་ཁྱོད་གྲང་ནས་ཨེ་ཕྱིད་ཐལ། ད་ནངས་ཨ་མའི་ཁར་མ་ཉན་ན་ཨེ་ཉན་གི། ངས་ཁྱོད་ལ་ད་ནངས་ཅི་འདྲའི་ཞུ་བ་མང་པོ་ཞིག་བྱས་པ་ཡིན་ཟེར་བཞིན་ཨ་ཕའི་རྩག་པ་དེ་ཁྱེར་ཡོང་ནས་ང་ལ་བྱིན། ངས་རེམ་པོར་རྩག་པ་གོན་ནས་གོ་ཁར་ཁ་ལག་བསྲོས་ཏེ་ཡུད་ཙམ་འགོར་རྗེས་ལུས་ཕུང་ཡོང་རྫོགས་དྲོས་ཏེ་གཞི་ནས་ལྷོད་ལ་བབས་སོང་།

མེ་ཡིས་དྲོས་ཡོང་བ་དང་ཆབས་ཅིག་ང་ཡི་ཡིད་ལ་འཁོར་ཡོང་བ་ནི་ཟོག་ལུག་བསྐྱུར་ནས་ཡོང་ཤུལ་དུ་སྤྱང་ཀི་ཡོང་གི་ཡོད་མེད་དེ་མིན་པར། ཉི་མ་རེ་རེར་ཕུ་བོས་པགས་རྩག་དྲོན་པོ་འདི་གོན་ནས་ཉི་མ་ནུབ་རིར་མ་ཡོལ་བར་དུ་རྫི་བོར་སོང་བའི་ལོ་ཟླ་ག་ཚོད་ཅིག་ཇི་ལྟར་བསྐྱལ་ཡོང་བ་དང་། རྩག་པ་དྲོན་པོ་འདིས་ཕུ་བོའི་ལུས་པོར་སྲུང་སྐྱོབ་ག་འདྲ་ཞིག་བྱས་ཏེ། ཉིན་གྲངས་མང་པོ་ཞིག་ཕར་ལ་བསྐྱལ་ཐུབ་པ་ནི་པགས་རྩག་དྲོན་པོ་འདིའི་བཀའ་དྲིན་མིན་ནམ་བསམས་ཏེ། མདོག་བཙོག་རུང་ཕན་ནུས་ཆེ་བའི་པགས་རྩག་འདི་ནི་ཨ་ཕ་དང་ཕུ་བོ་ངེད་གསུམ་གྱིས་བེད་སྤྱོད་ཇི་འདྲ་བྱས་ཀྱང་ཚི་དྲེག་དང་ས་རྡུལ་གྱིས་ཟིན་པ་མ་གཏོགས། དྲོད་ཁོལ་དང་བཟོ་ལྟ་སྔར་དང་གཅིག་མཚུངས་ཡིན་པ་དངོས་གནས་བག་དྲོ་བ་ཞིག་རེད། ངེད་ཚང་གི་ཕུ་བོར་མཚོན་ན་པགས་རྩག་རྙིང་པ་དེ་ཚ་རུ་སོ་མ་ཞིག་གི་ཡན་ཞིག་ཡོད་ཟེར་ན་བླུན་པོའི་གྲས་སུ་བགྲངས་ན་ཐང་མོད། དེའི་བེད་སྤྱོད་ཀྱི་རིན་ཐང་ཁོ་ཡིས་ཁ་ཆར་བུ་ཡུག་གི་ཁྲོད་དུ་རྣམ་ཀུན་མྱངས་པའི་རྐྱེན་གྱིས་དེ་ནི་བདེན་དོན་གྱི་གནས་ལུགས་ཤིག་ཏུ་འཁུམས་རུང་བ་ཞིག་མ་ཡིན་ནམ།

རྩག་པ་དྲོན་པོ་དེ། མི་རིགས་ཤིག་གི་རིག་གནས་ཤིག་དང་འཚོ་བ་ཞིག་གི་བདེན་པར་གནས་ཤིང་། འབྲོག་ཁྱིམ་ཞིག་ལ་མེད་དུ་མི་རུང་བའི་མཐོ་སྒང་གི་གྲང་རླུང་ལ་རྒོལ་བར་ནུས་པའི་ཁྱད་ཆོས་ལྡན་པའི་གོན་པ་ཞིག་ཅི་ལ་མིན་ཨང་། མིག་གི་མཐོང་ལམ་ནས་ནམ་ཡང་ཡལ་མ་མྱོང་ལ་ཡལ་བར་མི་འདོད་པའི་ཨ་ཕའི་རྩག་པ་དྲོན་པོ་དེ། བརྩེ་བ་ལོག་ལོག་ཅིག་དང་དྲོད་ཁོལ་ཡལ་མེད་ཅིག་ཡིན་ཕྱིར། དེ་ནི་ཁྱིམ་ཚང་ཞིག་གི་འཚོ་བའི་བྱུང་བ་དང་སྐྱིད་ཀྱི་རུ་མ་ཞིག་ཏུ་ངོས་བཟུང་ན་མི་འགྲིག་རྒྱུ་ཆེར་མེད་དོ་སྙམ་སོང་།།

༼ རྩེ་སྲས་ཟླ་འོད། ༽