国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བརྩེ་འདང་གི་ ཆིག་ལབ།

འཛུམ་ཆུང་མེ་ཏོག་སེམས་སུ་བཞད་པས།།

ཡིད་ཀྱི་བརྟན་པ་དབང་མེད་འཕྲོག་སོང་།།

བརྩེ་བའི་བརྩེ་བ་དྭངས་གཙང་ཡིན་རུང་།།

སྙིང་གཏམ་དྲོན་མོ་བཤད་པར་མ་ནུས།།

སྒེའུ་ཁུང་ངོགས་ཀྱི་རྨི་ལམ་ནང་དུ།།

ཁྱོད་རང་འཁོར་བ་ཐེངས་གཅིག་མ་རེད།།

དྲན་གདུང་ཡིད་ཀྱི་རྟ་ཁ་ལྷོད་ན།།

ཁྱོད་ཀྱི་ཕྱོགས་སུ་དབང་མེད་རྒྱུ་འགྲོ།།

རུ་སྡེ་གཅིག་ལ་མཉམ་དུ་འཛོམས་པ།།

ཚེ་རབས་སྔོན་གྱི་ལས་འཕྲོ་ཨེ་རེད།།

ལྷན་དུ་འགྲོགས་པའི་སྐལ་བ་འདི་ཡང་།།

སྐྱེ་བ་གཅིག་གི་འབྲས་རྟགས་ཡིན་ནམ།།

ཁྱོད་རང་མེད་པའི་ཉིན་ཞག་དག་ལ།།

སེམས་ཆུང་དམར་པོ་འཁྱག་པས་བཟུང་འགྲོ།།

ཁྱོད་རང་ཉེ་བའི་ག་ཤེད་ཡོད་དུས།།

སེམས་ཀྱི་དྲན་ཤིང་ཁྱོད་ཉིད་ཡིན་འགྲོ།།

རུ་སྡེ་གཅིག་ནས་ལྷན་དུ་འཕྲད་དུས།།

མིག་ཟུང་གཉིས་པོ་གདོང་ལ་ཧད་ཡོད།།

མི་ཚོགས་དཀྱིལ་ནས་ཁྱོད་རང་འགྱིང་ན།།

དམ་དུ་འཁྱུད་པའི་ཚོར་བ་ཟབ་ཡོང་།།

ཤ་དང་ཁྲག་གི་འབྲེལ་བ་མེད་ཀྱང་།།

རིགས་དང་བརྒྱུད་པའི་རྙོག་དྲས་དབེན་རུང་།།

སེམས་ཀྱི་སྤོབས་པ་ཆུང་ཆུང་ཞིག་གིས།།

དགའ་རུང་སྙིང་གཏམ་བཤད་པར་མ་ཕོད།།

ཟླ་འོད་མེད་པའི་མཚན་མོ་ཞིག་ལ།།

ཁྱོད་རང་མཇལ་བར་འགྲོ་སྙིང་ཆེ་ཡང་།།

སྙིང་གི་འཕར་ལྡིང་རྒོད་ཀྱིན་རྒོད་ཀྱིན།།

གོམ་ཁ་མྱུར་མོ་ཕྱིར་ལ་འཁོར་སོང་།།

ཕར་ལ་བརྩེ་བའི་མེ་ཏོག་བཞད་ཀྱང་།།

ཚུར་ལ་དུང་བའི་ཉམས་ཤིག་མེད་པས།།

ཡུན་རིང་ཉར་བའི་སེམས་ཀྱི་གསང་བ།།

བཤད་ན་འདོད་ཀྱང་མགྲིན་པར་བརྣངས་སོང་།།

ང་ལ་དུང་བའི་སྙིང་གཏམ་མེད་ཅིང་།།

གཞན་དང་འགྲོགས་པའི་མི་ཁ་མེད་པས།།

ཁྱོད་ནི་ཞེན་ཆགས་འཆིང་ལས་གྲོལ་བའི།།

ཨ་མ་རྗེ་བཙུན་སྒྲོལ་མ་ཨེ་ཡིན།།

སྨྲ་བརྗོད་ཉུང་བའི་གཤིས་བཟང་བུ་མོ།།

ཁྱོད་ཀྱི་སེམས་པ་གང་དུ་གཡེང་བ།།

མ་འོངས་འཚོ་བའི་གཞིས་ཁྱིམ་གཅིག་པའི།།

ལས་ཀྱི་མི་དེ་ནམ་ཞིག་བཙལ་རྒྱུ།།

གཞན་དང་འགྲོགས་པའི་སེམས་ཐག་མ་ཆོད།།

ཁྱོད་དང་འདྲིས་ཀྱང་སྙིང་གཏམ་མི་ཐོས།།

རེ་སྒུག་ཅེས་པའི་ཐ་སྙད་བར་ནས།།

ཁོ་བོའི་ལང་ཚོ་རྒས་ལ་ཉེ་ཡོང་།།

༼ དམར་ཁ་ཚ། ༽