国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་གྱིས་ཕབ་བསྐྲུན་བྱས་པའི་བརྙན་ཐུང 《ཕ་ས་དྲོན་མོ》ལ་གསེར་བྱའི་བྱ་དགའ་ཐོག་མ་ཐོབ།

པད་མ་གཡུ་སྒྲོན་གསེར་བྱ་གློག་བརྙན་དུས་ཚིགས་འགྲེམ་སྟོན་སྤེལ་རེས་ཡུལ་དངོས་སུ་ཞུགས་པ།

ཉེ་ཆར། འཁྲབ་སྟོན་པ་གྲགས་ཅན་ཏོན་དབྱི་ཧུང་གིས་གསེར་བྱ་གློག་བརྙན་དུས་ཆེན་གྱི་བརྙན་ཐུང་དུས་ཚིགས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོར་ལོ་འཁོར་འོས་སྦྱོར་བརྩམས་ཆོས《ཕ་ས་དྲོན་མོ》ཞེས་པ་ཁྱབ་བསྒྲགས་བྱེད་སྐབས། བོད་ཀྱི་བུ་མོ་ཞིག་གི་མིག་མཐར་མཆི་མ་འཁོར་བཞིན་ཡོད། བུ་མོ་དེ་ནི་པེ་ཅིང་གློག་བརྙན་སློབ་གླིང་གི་རབ་འབྱམས་སློབ་གནས་མཐར་ཕྱིན་མ་ཐག་པའི་རྒྱལ་མོ་ཚ་བ་རོང་གི་པད་མ་གཡུ་སྒྲོན་རེད། མོས་ཕ་ཡུལ་རོང་བྲག་རྫོང་ནས་ཕབ་བསྐྲུན་བྱས་པའི་མཐར་ཕྱིན་བརྩམས་ཆོས《ཕ་ས་དྲོན་མོ》འཁྱེར་ནས་འགྲན་སྡུར་དུ་ཞུགས་པ་རེད། བརྩམས་ཆོས་འདི་འགྲན་ཞུགས་བརྙན་ཐུང་བརྩམས་ཆོས1400ཁྲོད་ནས་འབུར་དུ་ཐོན་ཏེ་རྒྱལ་ཁབ་རིམ་པའི་སྟེགས་བུ་རྩེ་གྲ་ནས་བྱ་དགའི་གཟེངས་རྟགས་བླངས་ཏེ་དཀར་མཛེས་ཁུལ་གྱི་གློག་བརྙན་སྒྱུ་རྩལ་གྱི་ངོ་སོ་དགུང་དུ་བཏེགས་ཡོད་པ་རེད།

རོང་བྲག་རྫོང་གི་སྐྱེ་ཁམས་རྒྱབ་ལྗོངས་བྱས་ནས་ཕབ་བསྐྲུན་བྱས་པའི་བརྙན་ཐུང་འདི་ལ་སྐར་མ23དང་སྐར་ཆ52ཡོད། བརྙན་ཐུང་འདིར་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་གྲོག་རོང་དུ་བསྐྱོད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་དོན་བརྗོད་བྱས་ནས་བུད་མེད་ཁ་ལོ་པ་ཚེ་རིང་གིས་མཐོང་བའི་མཁར་རྫོང་གི་མཛེས་སྡུག་དང་། རི་བོའི་བརྗིད་ཀྱིས་ཆགས་ཚུལ། སྨུག་སྤྲིན་རི་ལ་འཁྱིལ་ཚུལ། གཙང་པོ་རླབས་ཀྱིས་བཞུར་ཚུལ་སོགས་འཚོ་བའི་ལོ་རྒྱུས་སྙན་ངག་ཅིག་ཏུ་ཕབ་བསྐྲུན་བྱས་ནས་གྲུབ་པ་ཞིག་ལགས་ཤིང་། མཚོ་བོད་ས་མཐོའི་ཤར་ལྷོའི་མཐའ་མཚམས་ཀྱི་གྲོང་རྡལ་ཆུང་ཆུང་ཞིག་ནས་རྒྱལ་ཁབ་རིམ་པའི་གློག་བརྙན་རྩེ་གྲས་ཀྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་ཐོག་མ་དེར་གྱུར།

སྤྱི་ཟླ11པའི་ཚེས12ཉིན་གསེར་བྱ་གློག་བརྙན་དུས་ཚིགས་འགྲེམ་སྟོན་སྤེལ་རེས་ཡུལ་དངོས་སུ་པད་མ་གཡུ་སྒྲོན་གྱིས་ལྟད་མོ་བ་ཚོར་བརྙན་ཐུང་གི་ནང་དོན་འགྲེལ་བཤད་དང་རང་ཉིད་ཀྱི་བརྙན་ཕབ་ལོ་རྒྱུས་དང་ཉམས་མྱོང་གསལ་བཤད་བྱས།

རོང་བྲག་རྫོང་རིག་གནས་རྒྱང་བསྒྲགས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཏུའུ་ཅོན་གྱིས《ཕ་ས་དྲོན་མོ》གསར་རྩོམ་ཚོགས་པར་བརྟེན་ནས་ས་གནས་རང་གི་བརྙན་ལས་ཤེས་ལྡན་མི་སྣའི་མཛོད་འཛུགས་རྒྱུ་དང་མ་འོངས་པར་ས་གནས་རང་གི་གནས་ཚུལ་མཚོན་པའི་ལས་གཞི་དེ་བས་མང་པོ་གསར་སྤེལ་བྱ་རྒྱུའི་འཆར་གཞི་ཡོད་ཅེས་བཤད་པ་རེད།།( ལྷ་འཛོམས་ཀྱིས་བསྒྱུར།)