སྤྱི་ཟླ11པའི་ཚེས19ཉིན། ཁུལ་བོད་སྨན་ཁང་གིས་དར་མདོ་གྲོང་ཁྱེར་མདོ་གྲོང་ཁྲོམ་གཞུང་ཞང་དབྱང་སྤྱི་ཁུལ་དུ་དམངས་ཕན་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་བློ་འདྲི་དང་སྨན་བཅོས་བྱེད་པར་ཡོང་བའི་སྤྱི་ཁུལ་མང་ཚོགས་རྒྱུན་མི་ཆད་ལ། སྨན་བཅོས་ཚོགས་པས་བོད་སྨན་གྱི་ཁྱད་ཆོས་དང་ལེགས་ཆ་བཏོན་ནས་སྤྱི་ཁུལ་མང་ཚོགས་ལ་རིན་མེད་ངང་བོད་སྨན་གྱི་སྨན་བཅོས་བློ་འདྲི་བྱེད་ས་དང་། ནད་རིགས་བརྟག་དཔྱད། བདེ་ཐང་མཛུབ་ཁྲིད་བཅས་མཁོ་འདོན་བྱས་ཡོད། ནད་པའི་ནད་ཀྱི་གནས་ཚུལ་དང་བོད་སྨན་གྱི་སྙོམ་སྒྲིག། རྒྱུན་གཏན་བདེ་སྲུང་སྐོར་གྱི་དོགས་གཞི་སྣ་ཚོགས་ལ་ལན་གསལ་པོར་བཏབ་པ་དང་ནད་རྟགས་དབྱེ་འབྱེད་བྱས། དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་གྱི་བོད་སྨན་སྨན་བཅོས་ཇུས་གཞི་དང་བདེ་སྲུང་བསམ་འཆར་འདོན་སྤྲོད་བྱས་ཏེ། ཡུལ་མིའི་བདེ་ཐང་འདུ་ཤེས་དང་བདེ་སྲུང་ནུས་པ་མཐོར་འདེགས་སུ་བཏང་བར་མ་ཟད། བོད་སྨན་རིན་མེད་ངང་སྤྲད་པས། མང་ཚོགས་ལ་སྒོ་འགྲམ་དུ་སྟབས་བདེ་དང་ཕན་ནུས་ལྡན་པའི་སྨན་བཅོས་ཀྱི་བདེ་བ་མྱོང་དུ་བཅུག་པ་རེད།
དུས་མཉམ་དུ་དུས་ཚིགས་ཀྱི་ཁྱད་ཆོས་དང་ནད་རིགས་ཁྱབ་འཕེལ་དང་ཟུང་འབྲེལ་བྱས་ཏེ་ལུགས་མཐུན་གྱི་བཟའ་བཏུང་དང་ངལ་གསོ་འོས་འཚམས་སོགས་འཚོ་བའི་གཙོ་གནད་ལ་དམིགས་ནས་བདེ་ཐང་ཚན་རིག་ཁྱབ་སྤེལ་བཏང་བ་དང་། མཐོ་སྒང་ས་ཆར་རྒྱུན་དུ་མཐོང་བའི་གྲུམ་བུའི་ནད་དང་ཁྲག་ཤེད་མཐོ་བའི་ནད། ཕོ་བའི་ནད། མཁྲིས་སྣོད་གཉན་ཚད། ཁྲག་མང་ནད་སོགས་ཀྱི་ནད་ལ་དམིགས་ནས། ནད་ཀྱི་འབྱུང་རྐྱེན་དང་། སྔོན་འགོག་བྱེད་ཐབས། སྨན་བཅོས་བྱེད་ཐབས་བཅས་གསལ་བཤད་ཞིབ་ཕྲ་བྱས་ཏེ། ཡུལ་མིའི་སྔ་ཙམ་ནས་ཤེས་པ་དང་། སྔ་ཙམ་ནས་སྔོན་འགོག་བྱེད་པ། སྔ་ཙམ་ནས་སྨན་བཅོས་བྱེད་པ་བཅས་ཀྱི་བདེ་ཐང་འདུ་ཤེས་ཇེ་དྲག་ཏུ་བཏང་ཡོད།
སྨན་བཅོས་ལག་རྩལ་ཕུལ་བྱུང་དང་སེམས་པ་རྣམ་དག་གིས་ཞབས་ཞུ་བསྒྲུབས་པར་སྤྱི་ཁུལ་མང་ཚོགས་ཀྱིས་མགྲིན་གཅིག་ཏུ་བསྔགས་བརྗོད་བྱས། ལོ66ལ་སླེབས་པའི་ཡུལ་མི་ཨན་ཁྲུའུ་ཡིས་ང་ལྟ་བུར་མཚོན་ན་རྐང་པ་མི་བདེ་བས་ཕྱི་ལ་སྨན་བཅོས་སུ་འགྲོ་དཀའ་མོད། དེ་རིང་སྨན་པ་ཚོ་སྤྱི་ཁུལ་དུ་ཡོང་ནས་ང་ཚོར་སྨན་བཅོས་ཡག་པོ་བྱས་བྱུང་། བཀའ་དྲིན་ཆེ་ཞེས་བཤད།
བསྡོམས་རྩིས་བྱས་པར་གཞིགས་ན། ད་ཐེངས་ཀྱི་འོས་འགན་སྨན་བཅོས་ལ་སྤྱི་ཁུལ་མང་ཚོགས70ལྷག་ཞུགས་པ་དང་། བདེ་ཐང་དྲིལ་བསྒྲགས་དེབ70ལྷག་སྤྲད་པར་མ་ཟད། རིན་མེད་སྨན་བཅོས་བྱེད་པ་དང་འབྲེལ་རིན་པ་སྒོར་ཁྲི་ལ་ཉེ་བའི་བོད་སྨན་རིགས20ལྷག་མང་ཚོགས་ལ་སྤྲད་ཡོད་པ་རེད།།
( ཀུན་དགས་བསྒྱུར།)
