国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལི་སྟོད་སློབ་འབྲིང་གིས་ཐོན་མིའི་མཛུབ་རྗེས་རྟགས་མའི་ བྲིས་གཟུགས་འགྲན་སྡུར་སྐབས་གསུམ་པ་སྤེལ།

ཉེ་ཆར། དགུན་གྱི་གྲང་ངར་དང་བུ་ཡུག་ཁྲོད། ལི་སྟོད་སློབ་འབྲིང་གི་དགའ་ཚལ་དུ་སྐད་ཡིག་གི་གཟི་དཔལ་ལས་དགེ་སློབ་ལྷན་དུ་འཛོམས་ནས། ཁ་བའི་དྭངས་གཙང་དང་འདྲ་བའི་ཤེས་རིག་གི་རང་མདངས་ལ་མྱོང་རོལ་བྱེད་བཞིན། སློབ་དཔོན་ཐོན་མིའི་ཕྱག་རྒྱུན་ལས་བྱུང་བའི་དབྱངས་གསལ་སོ་བཞི་འབྲི་སྦྱོང་དང་། གང་ཉིད་ཀྱི་སྐུ་དྲིན་དང་མཛད་པར་རྗེས་དྲན་གྱི་ཚུལ་དུ། ཐོན་མིའི་མཛུབ་རྗེས་རྟགས་མའི་བྲིས་གཟུགས་འགྲན་སྡུར་སྐབས་གསུམ་པ་སྤེལ་བ་རེད།

ཉིན་གུང་གི་དུས་ཚོད་ལས་དཔྱོད་ལྡན་སློབ་བུ་དག་གིས་རང་གི་བྲིས་གཟུགས་ཀྱི་ཁྱད་ཆོས་དམིགས་སུ་དོད་དེ་བརྩམས་ཆོས་བྲིས་པ་དང་། ཕྱི་དྲོར་བོད་སྐད་ཡིག་དགེ་རྒན་དག་གིས་རིགས་པས་དཔྱད་བསྡུར་གང་ལེགས་བྱས་ཏེ། སློབ་མ་སྟོང་ལ་ཉེ་བའི་བྲིས་གཟུགས་བརྩམས་ཆོས་དག་ལ་དབྱེ་བསལ་དང་བཟང་ངན་ཕྱེས་ཤིང་། བྲིས་པ་རྩེར་སོན་དག་གི་བརྩམས་ཆོས་སློབ་རའི་བསྒྲགས་པང་དུ་བཤམས་སྟོན་དང་། སློབ་མ་ཡོངས་ལ་བྲིས་གཟུགས་ཀྱི་དགེ་མཚན་དང་འབྲེལ་བའི་གཏམ་གླེང་གང་མང་བྱས།

ཐེངས་འདིའི་འགྲན་སྡུར་བརྒྱུད། དབྱངས་གསལ་སོ་བཞིའི་མཛེས་སྡུག་མངོན་པའི་བྲིས་གཟུགས་དར་སྤེལ་དང་། བྲིས་ལེགས་སློབ་མར་གཟེངས་བསྟོད་ཀྱི་སྐྱེས་བཟང་ཕུལ་ལ། བྲིས་ཞན་སློབ་མར་སྐུལ་སློང་བྱས་ཏེ། ལི་སྟོད་སློབ་འབྲིང་གི་དགེ་སློབ་སྟོང་ལ་ཉེ་བ་ཀུན་གྱི་ནང་སེམས་སྤྲོ་བས་ཁེངས་བཞིན། བཟང་བ་རྒྱུན་སྤེལ་དང་། ཉམས་པ་སྔར་གསོའི་སེམས་འདུན་གྱིས། མུ་ནས་མུ་རུ་ཕྱོགས་ཡོངས་ངང་སློབ་མའི་འཇོན་ནུས་དང་སློབ་སྦྱོང་གི་སྤུས་ཚད་གོང་འཕེལ་དུ་གཏོང་བར་འབད་དང་འབད་མུས་སུ་ཡོད།།( ལས་ཞོར་གསར་འགོད་པ་རྒྱུ་མཐོང་མས་བྲིས།)