བཞིན་རས་ལེགས་མཛེས་འདབ་ལྡན་དབང་བོའི་དཔལ།།
སྙན་པའི་ངག་རིག་དབྱངས་ཀྱི་རླབས་མཚོ་ཡིས།།
གུས་པའི་མགྲིན་གྱོང་བྱེ་ཐང་རྩུབ་མོ་ཀུན།།
སྙན་པའི་ཆར་གྱིས་བྲན་ལ་བྱིན་རླབས་སྩོལ།།
ཡིད་འོང་འཛུམ་མདངས་རྒྱས་པའི་ཞལ་ཁྱིམ་ནི།།
དཀར་དམར་བྱུ་རུའི་མདངས་ཀྱི་བིམ་པའི་ལྟོ།།
མཆུ་སྒྲོས་དམར་སེར་ལི་ཁྲིའི་ཁ་དོག་འགོས།།
ཆགས་ལྡན་འདོད་སྲིད་ངོམ་པའི་སྡུ་གུ་མ།།
ནུ་འབུར་གཡས་གཡོན་འགྱིང་པའི་མཛེས་པ་ལ།།
སྙན་ངག་མཁས་ཅན་འཁྲེང་པའི་ལོ་ཟླ་ནས།།
མི་ཟད་ངག་རིག་སྐྱེལ་ཆང་བགྱིས་པ་ཡིས།།
སྙན་ངག་ཚོར་འདུའི་བླ་བྲེས་གྱེན་དུ་གཟེངས།།
རྒྱུད་སྐུད་སྙན་པ་སོར་མོས་དཀྲོལ་བ་ཡིས།།
སྒྲ་འཛིན་འཇེབས་པའི་ཚོར་འདུ་ལང་ལོང་གཡོ།།
སེམས་ཀྱི་སྨོན་འདུན་ཁྱེར་བའི་སྒལ་གཞུང་ནས།།
ངག་རིག་གཤོག་འགྱུ་ད་ཚུར་བདག་ལ་བྱོན།།
འཇའ་ཚོན་སྣ་ལྔས་རྒྱན་པའི་ལུས་ཕྲ་མར།།
ངག་རིག་གཏིང་བརླིང་འཁྱིལ་བའི་ཚོར་བ་ལས།།
བྲུགས་པའི་རིག་བྱེད་འོ་མའི་དགའ་ཚལ་བསྐྱེད།།
སྒྲ་འཛིན་འཇེབས་པའི་ཚོར་བ་ཆུ་གཏེར་རྩེན།།
ངག་རིག་རབ་འབྱམས་སྨྲ་ལ་འཛུམ་དཀར་གྲོལ།།
མཁྱེན་རབ་སྤྱན་གྱི་ཉི་ཟླའི་རྣ་རྒྱན་བཏགས།།
ཚོགས་ཟུང་སྒྱུ་མའི་དབྱངས་ཀྱི་རྟ་ལ་བཞོན།།
སྲིད་པའི་སྒལ་གཞུང་འགྲམ་ནས་ཚོར་གྲུ་བསྐོར།།
ཤེས་བྱའི་འཕྲུལ་གྱི་རྒྱན་གོས་མཛེས་པར་མནབས།།
ལྡེམ་མྱུར་གར་གྱི་སྟངས་སྟབས་གོ་ཆ་བགོས།།
རིག་བྱེད་སྙན་པ་འོ་མའི་རྒྱ་མཚོ་ལྟེམས།།
ཚོགས་གཉིས་སྒུལ་བའི་ངག་རིག་སྙན་པ་འཇོ།།
མཁའ་ཡི་མཛེས་བྱེད་སྤུད་པའི་ཚངས་སྲས་མ།།
ཉམས་བཟང་ཏོག་ན་འཕགས་པའི་ངག་གི་ལྷས།།
བརྒྱད་ཁྲི་བཞི་སྟོང་མ་ལུས་གདངས་སུ་གྱེར།།
ངག་རིག་དབྱངས་ཀྱི་སྦྲང་ཆར་མཁའ་ནས་ཕབ།།
སྙན་པའི་འཕྱང་འཕྲུལ་རིག་བྱེད་དབེན་ན་ཡང་།།
ངག་གི་ལྷ་མོར་བསྟོད་པའི་གོམ་ཆུང་འཛེག།
ཁྱོད་ལ་གཅེས་ཤིང་གུས་པའི་རྐང་གླིང་གིས།།
ལན་གཅིག་མཛེས་སྡུག་བརྗོད་པ་འདི་ལྟར་ལགས།།
༼ སྙན་རྐང་གླིང་། ༽
