国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མི་ཡི་སྡུག་བསྔལ།

མི་ཡི་བདེ་སྐྱིད་མི་རྟག་འཕྲལ་འཕྲལ་འགྱུར།།

སྡུག་ཐོག་སྡུག་བསྔལ་ལྷག་མ་གཞན་ཡང་འཕེལ།།

ཅི་བྱས་སྡིག་པའི་ས་བོན་འབའ་ཞིག་ལས།།

གཏན་བདེའི་ལམ་བཟང་རྙེད་པའི་དགེ་རྩ་ཕྲ།།

རྣམ་ཤེས་ཨ་མའི་མངལ་དུ་ཞུགས་པ་ནས།།

ཉལ་འཆག་འགྲོ་འདུག་ལས་ཀྱིས་སྡུག་བསྔལ་བསྐྱེད།།

བཙའ་ཚེ་ལྕགས་ཀྱི་འཇུར་མིག་ལ་སོགས་པའི།།

སྡུག་གི་རྣམ་གྲངས་བསམ་གྱིས་མི་ཁྱབ་གསུངས།།

ཚ་གྲང་འཐབ་པའི་ནད་ཀྱིས་ལོ་ཟླར་བཙིར།།

སྔོ་ཆགས་མིག་གིས་གསོན་ལ་རེ་ལྟོས་བྱེད།།

གཡས་གཡོན་ཉེ་བའི་མིས་ཀྱང་གཡོག་མི་འབྱོར།།

ཉིན་མཚན་རྔུལ་ཆུ་ཁོ་ནས་འདའ་བར་བྱེད།།

ལུས་ཀྱི་ལྷུ་ལག་ཐོར་ཞིང་ཤ་རུས་ཟད།།

དབང་པོ་སྒོ་ལྔ་མི་གསལ་ཞག་རེས་ཉམས།།

མི་འདོད་ཁྲོ་གཉེར་བསྡུས་པའི་ཞེ་ངལ་ཅན།།

ཡོེད་ཚད་ཤོར་བའི་མྱ་ངན་སྙིང་ལ་ལྕི།།

དབུགས་ཀྱི་རྒྱུ་བ་ཆད་པའི་འཇིགས་སྐྲག་དང་།།

ཕྱི་མའི་འཕྲང་རིང་འགྲིམ་པར་སྡུག་བསྔལ་ཀྱང་།།

འཆི་བདག་ལས་ཀྱི་གཤིན་རྗེ་དྲུང་དུ་སླེབས།།

སྲོག་གི་ཞགས་པ་ནག་པོ་མགུལ་དུ་བསྐོན།།

ཕྱི་རོལ་སྡང་བའི་དགྲ་ལ་འཕྲད་དོགས་དང་།།

བྱམས་པའི་ཉེ་དུ་རྣམས་ལ་འབྲལ་དོགས་བཅས།།

འདོད་པ་མི་འགྲུབ་མི་འདོད་ཐོག་ཏུ་བབས།།

བསམ་ན་མི་ལ་བདེ་བའི་སྐར་གྲངས་ཉུང་།

༼ མཱ་ལིན་ནཱ། ༽