国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྥུང་ཧྥ་ཀུའེ་ཡིས་དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་། རྟའུ་རྫོང་། དུང་དཀར་ལུང་པ་བཅས་སུ་སྐུལ་ཁྲིད་དང་བརྟག་ཞིབ་གནང་།

སྤྱི་ཟླ11པའི་ཚེས23ནས26ཉིན་བར་གྱི་ཁུལ་འཛུགས་དུས་ཆེན་རིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་དར་མདོ་གྲོང་ཁྱེར་དང་། ལྕགས་ཟམ་རྫོང་། རྟའུ་རྫོང་། དུང་དཀར་ལུང་པ་བཅས་སུ་ཕེབས་ནས་གནོད་འཚེ་ཐེབས་རྗེས་སླར་གསོ་བསྐྱར་སྐྲུན་དང་། སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་དཀར་མཛེས་ཡན་ལག་སློབ་གླིང་གི་སློབ་འཛུགས་དང་། མི་རིགས་ཆོས་ལུགས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ནགས་ཚལ་རྩྭ་ཐང་གི་མེ་ཟོན་མེ་གསོད་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་ཁྲིད་སྟོན་དང་བརྟག་དཔྱད་ཞིབ་འཇུག་གནང་བ་རེད། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ་གཙོ་གནད་ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་གཅིག་གྱུར་འཆར་འགོད་བྱས་ཏེ“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཕུན་སུམ་ཚོགས་པར་མཇུག་བསྒྲིལ་རྒྱུའི་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

དར་མདོ་གྲོང་ཁྱེར་གུར་དྲག་གྲོང་རྡལ་ལ“8·03”ཉིན་ཆུ་ལོག་གནོད་འཚེ་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་བྱ་ཡུལ་དུ་ཧྥུང་ཧྥ་ཀུའེ་ཡིས་ཚན་རིག་དང་མཐུན་པའི་སྒོ་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏང་རྒྱུའི་འཆར་འགོད་བྱེད་པ་དང་། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ས་གཤིས་གནོད་འཚེའི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ས་ཚུགས་བཟོས་ཏེ་བྱེད་ཐབས་མང་པོ་མཉམ་དུ་སྤྱད་ནས་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་བསྐུལ་དགོས། དེ་དང་ཆབས་ཅིག་གང་མོས་ཁང་པ་སྐྲུན་པའི་བྱ་སྤྱོད་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ་གཙང་ཞིང་གོ་རིམ་ལྡན་པ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་མཉམ་དུ་སྲུང་སྐྱོང་བྱ་དགོས་ཞེས་གསུངས། ཁོང་གནོད་ཐེབས་མང་ཚོགས་ཀྱི་སྡོད་ཁང་གསར་པ་ལ་ཕེབས་ནས་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་དང་། ད་ཡོད་ཀྱི་གནད་དོན་དང་དཀའ་ངལ་ཞིབ་ཚགས་འདྲི་ཞིང་། ཁོ་ཚོར་ཡིད་ཆེས་བརྟན་པོ་དང་། ཏང་གི་ཁ་ལ་ཉན་པ། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲངས་པ། ཏང་ཨུ་དང་སྲིད་གཞུང་གི་སྣེ་ཁྲིད་འོག་རང་ཉིད་ཀྱི་བརྩོན་འགྲུས་ལ་བརྟེན་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་དགོས་པའི་ལྕག་སྐུལ་གནང་བ་རེད།

བརྟག་དཔྱད་ཞིབ་འཇུག་རིང་ལ་ཧྥུང་ཧྥ་ཀུའེ་སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་དཀར་མཛེས་ཡན་ལག་སློབ་གླིང་དུ་ཕེབས་ནས་ཕྱོགས་བསྡུས་ཐོག་ཁང་དང་། སློབ་ཁྲིད་ཐོག་ཁང་། སློབ་མའི་ཉལ་ཁང་། ཟ་ཁང་སོགས་ཀྱི་སྒྲིག་ཆས་ལ་ཡུལ་དངོས་སུ་ལྟ་ཞིབ་གནང་བར་མ་ཟད། སློབ་མ་ཚོ་དང་སྤེལ་རེས་ལྷུག་པོར་བརྒྱུད་ནས་ཁོ་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ཆ་རྒྱུས་ཞིབ་ཕྲ་བླངས་ཡོད།

རྟའུ་རྫོང་དཔལ་སྨད་གྲོང་རྡལ་དང་གསེར་ཁ་ཡུལ་ཤོག་ཏུ་ཧྥུང་ཧྥ་ཀུའེ་ཡིས་ཡུལ་དངོས་སུ་མི་རིགས་ཆོས་ལུགས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་གནང་ཡོད།

ཁོང་སྔར་རྗེས་སུ་དར་མདོ་གྲོང་ཁྱེར་གུར་དྲག་གྲོང་རྡལ་དུ་རྡོ་སོལ་མིན་པའི་གཏེར་རིའི་ཉེན་མེད་ལས་དོན་ལ་ཞིབ་བཤེར་དང་། སི་ཁྲོན་མི་རིགས་སློབ་ཆེན་ལྕགས་ཟམ་ཡན་ལག་སློབ་གནས་ཀྱི་ལས་གཞི་འཛུགས་སྐྲུན་འཕེལ་རིམ་ལ་ལྟ་ཞིབ། ལྕགས་ཟམ་རྫོང་སན་ཧྲེ་གནས་ཚང་ས་གཤིས་དངོས་མང་བཤམས་མཛོད་ཁང་གི་རྡོའི་རིག་གནས་གསར་འཆར་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་དང་འབྲེལ་ལམ་རྒྱུད་དུ་ནགས་རྩྭ་མེ་ཟོན་ལས་དོན་ལ་ཞིབ་བཤེར་གནང་བ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)