ཁྲ་ཁྲ་ཟང་ཟིང་དུས་འདིར། །
ནང་སེམས་ཞི་ཞིང་ལྷོད་པོར། །
སྒོར་མོའི་བྲན་དུ་མ་ཚུད། །
འདོད་ཆུང་ཆོག་ཤེས་ཡོད་དགོས། །
སེམས་ཀྱི་རྟ་མཆོག་རྐྱང་པོ། །
ཉོན་མོངས་སྲབ་མདས་བཅུན་ན། །
མི་དགེའི་འདམ་ལ་མི་ལྷུང་། །
རང་དབང་སུ་ལ་ཡོད་ཨང་། །
བྱང་བུ་ནོར་གྱིས་ཁེངས་ན། །
སེམས་ལ་ངལ་གསོ་མི་འདུག །
བྱང་བུ་ཁོག་སྟོང་ཆགས་ན། །
རྐུབ་ལ་ངལ་གསོ་མི་འདུག །
ཀུན་དགའ་དོན་འགྲུབ་མཚན་ཅན། །
ཁྱོད་ཀྱི་ངོ་སོ་ཆེ་ཨང་། །
ཡོད་ཚད་ཁྱོད་ཀྱི་དོན་ལ། །
ཉིན་མཚན་བསྟུད་མར་རྒྱུག་གི །
ཁྱོད་རང་མཐོ་དམན་གང་སར། །
དགའ་བསུས་མི་སླེབ་མི་འདུག །
སྲིད་སྟེགས་རྐང་ཆུང་ཕྲ་མོའང་། །
ཁྱོད་ལ་ཅུང་ཟད་འདར་འགྲོ། །
ཁྱོད་རང་ཡོད་ན་དགའ་ལ། །
གཏན་འགྲོགས་གང་དགོས་ཡོད་རེད། །
ནས་ལ་ལུ་གུ་འཁོར་བཞིན། །
འདེད་ཀྱང་འགྲོ་བ་མ་རེད། །
ཁྱོད་རང་མེད་ན་སྡུག་གི །
རྣམ་དག་བརྩེ་དུང་ཅན་ཡང་། །
འུར་འདྲོག་ལངས་པའི་རྟ་བཞིན། །
བཏགས་ཀྱང་ཤོར་ནས་འགྲོ་རེད། །
ཁྱོད་རང་བཟང་པོར་ཐོབ་ན། །
རླབས་ཆེན་བྱ་གཞག་སྒྲུབ་རེད། །
ཁྱོད་རང་ངན་པར་ཤོར་ན། །
ཆག་སྒོ་བརྒྱ་སྟོང་སློང་རེད། །
ཁྱོད་ཀྱི་སྐྱོན་ཡོན་གཉི་ཀས། །
བསྐྱེད་འབྲས་བདེ་སྡུག་གཉིས་རེད། །
ཁྱོད་རང་ལག་ཆར་འགྱུར་ན། །
ཅི་བྱེད་རང་ལག་མེད་དོ། །
ཁྱོད་ཀྱིས་སྡུག་བསྔལ་བརྩེགས་ཀྱང་། །
ཁྱོད་ལ་མི་དགའ་མེད་ན། །
ཁྱོད་ཀྱིས་བདེ་སྐྱིད་བསྐྲུན་ན། །
མི་དགའ་བྱེད་དོན་ཅི་ཡོད། །
ཁྱོད་རང་གཟུ་བོའི་ཚབ་རེད། །
རྒྱུས་མེད་འབྲེལ་ཟམ་རྒྱག་རེད། །
ཁྱོད་རང་ཕུང་དཀྲུག་གཞི་རེད། །
མཐུན་ལམ་འཕྲེད་བཅད་གཏོང་རེད། །
སྒོར་མོས་བཞེངས་པའི་མཛའ་བརྩེ། །
རིང་ཐུང་སྒོར་ལ་རག་ལས། །
དུས་ཀྱི་ཚོད་བགམ་ཐེག་པར། །
སྒོར་མོའི་སྐྱོར་མ་ཡོད་དགོས། །
སྒོར་གྱི་རྨང་རྡོ་མེད་པའི། །
དྭངས་གཙང་བརྩེ་དུང་ཁང་བཟང་། །
བཞེངས་ལོ་བཅུ་ཕྲག་བརྒལ་ཀྱང་། །
དཔལ་འབྱོར་སྡུན་སོར་ལོག་འགྲོ། །
སྒོར་མོ་དབང་ཆེན་དཔོན་རེད། །
གོ་སར་གར་སྤོ་ཁྱོད་རེད། །
སྒོར་མོ་དཔའ་བསྐྱེད་གཉེན་རེད། །
ཕོག་ཐུག་གང་བྱུང་གཏོང་རེད། །
སེམས་ལ་རྡུང་རྡེག་ཁྱོས་གཏོང་། །
འཚོ་བར་བརྡབ་གསིག་ཁྱོས་གཏོང་། །
རྨ་མེད་ཁྲག་དྲོན་འདོན་ལ། །
སྒོར་མོའི་ཡན་ལ་སུ་ཡོད། །
བཟང་བྱས་བསྟོད་པའི་མཐེ་བོང་། །
སྒོར་མོར་བབ་པ་མིན་ན། །
བྱས་ཉེས་རླུང་ནག་ལྡང་བ། །
སྒོར་མོར་ལན་པ་ཅི་ཡོད། །
ལྟོ་སྐྱ་གོས་ཧྲུལ་གྱོན་པའི། །
རི་ཁྲོད་སྒོམ་ཆེན་མིན་ན། །
སྒོར་མོ་འདང་ངེས་ཡོད་དགོས། །
མེད་ན་མི་གྲལ་མི་འཇོག །
འབར་ནས་རྒྱུ་ཐོག་བརྒྱབ་ན། །
སྤུན་ཞེས་འཁོར་འཁོར་བྱེད་རེད། །
བརྡིབས་ནས་ཉལ་སར་ལྷུང་ན། །
མཐོང་ཀྱང་ཕར་ཕར་གཡོལ་རེད། །
ཁྱོད་ལ་སྒོར་མོ་ཡོད་ན། །
མགར་སྤྲང་ཡིན་ཡང་མི་སྐྱོན། །
དགའ་བའི་འཛུམ་གྱིས་བསུས་ཏེ། །
ཞབས་དག་ལྷན་དུ་རྒྱག་རེད། །
ཁྱོད་ལ་སྒོར་མོ་མེད་ན། །
ཕ་རྒྱུད་གངས་རིའི་སྒང་ལ། །
མ་རྒྱུད་མཚོ་མོ་དྲངས་ཀྱང་། །
ངོ་ནི་མི་ཤེས་ཁུལ་བྱེད། །
ལག་དམར་ཟེར་ན་ཁྱོད་རེད། །
མི་སེམས་ག་ཚོད་བསད་སོང་། །
རྔོན་པ་ཟེར་ནའང་ཁྱོད་རེད། །
ཡུ་མོ་ཇི་ཙམ་རྨས་སོང་། །
༼ ལུག་རྫི། ༽
