རྒྱང་རིང་ལ་བཞུད་པའི་ཨ་ཕ་ལགས།
ཕ་ཡུལ་གྱི་ནམ་ཟླ་རིམ་བཞིན་
ཇེ་འཁྱགས་ནས་ཇེ་
འཁྱགས་སུ་གྱུར་ཏེ།
ས་གཞི་ཐམས་ཅད་སྔོ་ལྗང་ལྗང་
ནས་སྐྱ་ཐང་ཐང་དུ་གྱུར་དུས།
ཕ་ཡུལ་ལ་གཞི་ནས་དགུན་
ཁ་སླེབས་བྱུང་།
གཏན་དུ་མེད་སོང་བའི་ཨ་ཕ་ལགས།
ནམ་རྒྱུན་གྱི་ད་ཚོད་ཅིག་ལ།
ཁྱེད་ཀྱིས་གཞིས་ཁྱིམ་ཞིག་གི་ཆེད་དུ།
དགུན་ཟླ་ར་བའི་གྲང་ངར་
དང་ཁ་བ་ལ་མི་འཛེམ་པར།
ལུས་ཚགས་དང་སེམས་ཚགས་གང་
མང་ཞིག་གི་གསེང་ནས།
འཚོ་བ་ནི་སྔར་བཞིན་དྲོད་ཀྱིས་ཁེངས་
ཡོད་པ་ཞིག་མ་ཡིན་ནམ།
ནམ་རྒྱུན་ད་ཚོད་འདི་ལ།
ཁ་བ་བབས་ནས་ཅུང་གྲང་ཙམ་བྱུང་ན།
ཁྱེད་ཀྱིས་ངེད་མ་བུ་གསུམ་ལ་
དགུན་ལྭ་དང་།
དགུན་ལྷམ་ཡག་པོ་རེ་གྲ་སྒྲིག་བྱེད་ངེས།
དུས་དེ་རིང་།
ཕ་ཡུལ་ལ་ཁ་བབས་ཀྱང་།
ཁྱེད་རང་ངེད་མ་བུ་གསུམ་
དང་བྲལ་སོང་བ་དྲན་ན།
སེམས་ལ་བཟོད་དཀའ་བའི་
གྲང་ངར་ཞིག་མཆེད་ཡོང་།
གང་ལྟར། ཨ་ཕ་ལགས།
ཕ་ཡུལ་ལ་འདི་ལྟར་ཁ་བ་
ཐུ་ལུ་ལུ་བབས་ན།
ཁྱེད་རང་གནས་སའི་
འཇིག་རྟེན་དེ་ནའང་།
དགུན་ཁ་དང་ཁ་བ་ཟེར་བ་
ཞིག་ཡོད་དམ།
གྲང་ངར་དང་དྲོད་སྣང་ཟེར་བ་
ཞིག་ཡོད་དམ།
ཅིས་ཀྱང་།
ཨ་ཕ་ལགས།
བར་སྐབས་འདིར།
ངས་ཁྱེད་རང་ཁ་བའི་ཚུལ་གྱིས་ངའི་
ཉེ་སར་བབས་ན་བསམ།
༼ ཁ་བ་ན་རོ། ༽
