སེམས་ཀྱི་རི་དྭགས་བདའ་བའི་ལན་ཆགས་ཀྱི་རྔོན་པ།།
འཁོར་བའི་སྒྱུ་འཕྲུལ་བརྩེགས་པའི་འགྲམ་ངོགས་ནས་འཛོམས་ཏེ།།
སྐྱེ་འཆིའི་སྟབས་ཀ་མཉམ་པའི་མེ་ཏོག་གི་ས་བོན།།
བདག་སེམས་ཀུན་གཞི་ཡངས་མོའི་ཕ་མཐའ་རུ་བཏབ་སོང་།།
ཚེ་ཡི་རི་སྒང་སྲུང་བའི་སྨོན་ཚིག་དེ་དྲན་ན།།
མ་བཅོས་ཚིག་གི་དར་སྐུད་ཁྱེད་ཕྱོགས་སུ་འཐེན་ཏེ།།
བརྩེ་བའི་བག་ཆགས་ཟབ་པའི་ལས་དབང་གི་ཟློས་གར།།
སྐྱེ་བ་ཚེ་རབས་ཀུན་ཏུ་འཁྲབ་སྙིང་ཞིག་འདོད་སོང་།།
གཟུགས་མེད་དམར་ཆུང་སྙིང་གི་ཐིག་ལེ་ནས་འཛུམ་པའི།།
རེ་བའི་སྤྱན་ཟུང་དབྱངས་གསལ་མུ་ཏིག་ལ་སྤྲུལ་ཏེ།
ཡིད་ཀྱི་གནམ་ས་འདྲེས་པའི་དྲན་གདུང་གི་བརྩེ་གླུ།།
མི་ཤིག་ཏིང་འཛིན་རོལ་བའི་རྒྱབ་ལོག་ནས་བླངས་ཡོད།།
ཚོར་བའི་གྲུ་ཁར་ཐིམ་པའི་ཞེ་འདང་གི་རི་མོ།།
རྨི་ལམ་བྲང་ལ་སྦྱར་བའི་སྒལ་ཚིགས་སུ་བསྟར་ཏེ།།
རིང་ལ་ཐུང་རྒྱུ་མེད་པའི་ལོ་ཟླ་ཡི་གསེང་ནས།།
སྐྱིད་སྡུག་ཤོག་ལྷེ་གཅིག་ཏུ་བྲིས་ཚུལ་དེ་དྲན་ནམ།།
མ་བསམ་ལས་ཀྱིས་འཕྲད་པའི་ལས་སྐལ་སྣང་བ།།
སྤྲིན་དཀར་འདུ་འགོད་ཁྲོད་ཀྱི་རྒྱུ་སྐར་དང་འགྲོགས་ཏེ།།
མཛེས་སྡུག་དབྱངས་སུ་གྱེར་བའི་ཚོར་གཤིས་ཀྱི་རྨུ་ཐག།
ཕྱི་མའི་ཕྱི་མར་སྙེག་པའི་རྐང་ལམ་དུ་འཐེན་ཡོད།།
ཤ་རུས་སྙིང་གསུམ་འདྲིས་པའི་མཛའ་ཞེན་གྱི་ཨ་ལོང་།།
སེམས་པས་སེམས་པ་སྦྲེལ་བའི་ངང་ཚུལ་ལས་མཐོང་ཚེ།།
འཚོ་བའི་རབ་ཁ་ཉུལ་བའི་ཕྱེ་ལེབ་ཀྱི་འདུ་ཤེས།།
དམ་ཚིག་མེ་ཏོག་སྲུང་བའི་ཉེ་དྲུང་དུ་འཕུར་སོང་།།
ཉི་མའི་ཞེ་མདངས་ལྷག་པའི་ས་སྲོད་ཀྱི་མཚམས་ནས།།
དུང་ཞེན་ཟླ་བའི་མིག་ཟུང་མཁའ་ལམ་ནས་འཚེར་དུས།།
ཕན་ཚུན་སྣང་བའི་འཇིག་རྟེན་ཡིག་ཚོགས་ལ་བཅོལ་ཏེ།།
མི་ཚེའི་བགྲོད་ལམ་རིང་མོ་ཕྱོགས་གཅིག་ཏུ་སྤུངས་ཡོད།།
སྲིད་གསུམ་སྙིང་གི་སྤར་མོའི་ཕྱི་ནང་དུ་འཚང་བའི།།
ཚོགས་དྲུག་ཡིད་ཀྱི་སྣང་བརྙན་མགྲིན་པ་རུ་སྐྱོར་ཏེ།།
ཀུན་རྟོག་སྤྲིན་གྱི་འཇའ་ཚོན་ཁྱེད་ཕྱོགས་སུ་ལྡང་བ།།
མ་བཅོས་གཤིས་སུ་གྲུབ་པའི་གནས་ལུགས་ཀྱི་ཁ་དན།།
འདུ་འབྲལ་ངག་ལ་དྲངས་པའི་འཁོར་འདས་ཀྱི་བར་ནས།།
འཆར་ཡན་གློག་གི་ཟི་ར་ཡང་ཡང་དུ་འཚུབ་དུས།།
སྙིང་གི་གླུ་ཚིག་རུམ་པའི་མཚོ་སྐྱེས་ཀྱི་ཟླ་དཀར།།
སྙན་པའི་གདངས་སུ་གྱེར་བ་སེམས་གཅོང་གི་དུས་ཡིན།།
ཕྱི་ཐག་གཙང་པོའི་སྒྲ་རླབས་འཇགས་པ་རང་མེད་ན།།
ཞེན་ཆགས་སྡིག་སྒྲིབ་ལྕི་བའི་ངང་དཀར་གྱི་སེམས་པ།།
འདི་ནས་བསྐལ་པའི་རྫོགས་རིམ་མ་ཞིག་གི་བར་དུ།།
ལས་འཕྲོའི་དགུ་ཐག་སྐྱ་བོ་ཁྱོད་གཅིག་ལ་དཀྲི་ཆོག།
༼ མཱ་ལིན་ནཱ། ༽
