国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བརྩེ་དུང་ཟབ་མོ་ཕ་ཡུལ་སྐྱིད་པོར་བཅངས།། ཤེས་ལྡན་མི་སྣ་འཛོམས་ནས་འཕེལ་རྒྱས་གླེང་།།

ཀྲུང་གུང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས།

དཀར་མཛེས་ཁུལ་གྱི་མི་སྣ་གྲགས་ཅན་ལྕགས་ཟམ་རྫོང་ལ་སླེབས།

དཀར་མཛེས་ཁུལ་གྱི་མི་སྣ་གྲགས་ཅན་རོང་བྲག་བརྒྱ་རྒྱུད་བོད་གྲོང་དུ་སླེབས།

ལོ་ངོ་དོན་ལྔ་འོད་སྟོང་རབ་ཏུ་འཕྲོས་པའི་དཀར་མཛེས་ཁུལ་གྱི་མི་སྣ་གྲགས་ཅན་ཕ་ཡུལ་དུ་ལོག་པའི་བྱེད་སྒོ་སྐབས་གཉིས་པའི་དངོས་བྲིས།

བརྩེ་དུང་ཟབ་མོ་ཕ་ས་དྲོན་མོ་ལ་བཅངས་ནས་མཉམ་དུ་འཕེལ་རྒྱས་ཀྱི་ཕུགས་འདུན་གསར་པ་འབྲི། སྤྱི་ཟླ11པའི་ཚེས12ཉིན་ནས་སྤྱི་ཟླ11པའི་ཚེས17ཉིན་བར་དཀར་མཛེས་ཁུལ་བཙུགས་ནས་ལོ75འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་ལས་ལོ་ངོ་དོན་ལྔ་འོད་སྟོང་རབ་ཏུ་འཕྲོས་པའི་དཀར་མཛེས་ཁུལ་གྱི་མི་སྣ་གྲགས་ཅན་ཕ་ཡུལ་དུ་ལོག་པའི་བྱེད་སྒོ་སྐབས་གཉིས་པ་སྤེལ་བ་རེད། ཞིང་ཆེན་ཕྱི་ནང་གི་རྩོམ་རིག་གི་རིགས་དང་། འཕྲིན་སྦྱོར་རིགས། གློག་བརྙན་བརྙན་འཕྲིན་རིགས། རིག་གཞུང་རིགས། དྲྭ་གྲགས་རིགས་སོགས་ཁོངས་སུ་གཏོགས་པའི་དཀར་མཛེས་ཁུལ་གྱི་མི་སྣ་གྲགས་ཅན་ཚོ་སྔ་རྗེས་སུ་བརྒྱད་ཟིལ་དང་། དར་མདོ། རྟའུ། རོང་བྲག། ལྕགས་ཟམ་ཁ། དུང་དཀར་ལུང་པ་སོགས་སུ་འཚམས་འདྲི་དང་བརྟག་ཞིབ་ལ་ཕྱིན་ནས་ཕ་ཡུལ་གྱི་གནས་ཚུལ་མཉམ་དུ་རྒྱུས་ལོན་དང་། འགྱུར་ལྡོག་ལ་མཉམ་དུ་ལྟ་བ། ཕ་ཡུལ་གྱི་འཕེལ་རྒྱས་མཉམ་དུ་གླེང་སྟེ། དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་གསར་པ་དང་། རྣམ་པ་གསར་པ། གྲུབ་འབྲས་གསར་པ་བཅས་མྱོང་ཚོར་བྱས་པ་རེད།

མི་སྣ་གྲགས་ཅན་དེ་ཚོའི་ཕ་ཡུལ་གྱི་དྲན་ཤེས་དེ་འདས་དོན་ཁྲོད་དུ་ལུས་ན་ཡང་། ད་ལྟའི་དཀར་མཛེས་ཁུལ་ནི་འཕེལ་རྒྱས་གཤོག་ཟུང་ཡོངས་སུ་རྒྱས་ནས་གནམ་ས་བླ་འོག་ཏུ་སྒྱུར་འདྲའི་འཕོ་འགྱུར་བྱུང་ཡོད། འགྲིམ་འགྲུལ་དྲ་བ་འཕྲེད་གཞུང་སྣོལ་དུ་འདྲེས་ཤིང་། ཐོན་ལས་གླིང་དབྱར་མཚོ་རྒྱས་པ་ལྟར་འཕེལ་བ་དང་། ཡུལ་སྡེའི་ཡུལ་ལྗོངས་ལ་རྣམ་པ་གསར་པ་རབ་ཏུ་མངོན། ཉེ་བའི་ལོ་ཤས་རིང་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོ་འོག། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་ཤུགས་ཡོད་རྒུས་བསྐུལ་ཏེ། གོམ་པ་རེ་རེར་བཞིན་མཐུན་སྒྲིལ་འབྱོར་ཕྱུག་དང་འཆམ་མཐུན་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་པའི་འཆར་གཞི་དེ་མཐོང་ཐོས་ཀྱི་གནས་སུ་བསྒྱུར་ཡོད།

སྲོལ་རྒྱུན་ལག་རྩལ་གྱི་གསར་གཏོད་རང་བཞིན་ཆེ།། རིག་གནས་གསར་འཆར་གྱི་ཐོན་ལས་རབ་ཏུ་དར།།

རྣམ་པ་གསར་རྐྱང་གི་ཡུལ་སྡེའི་སྡོད་གནས་ཁོར་ཡུག་དང་། དམངས་ལ་སྟབས་བདེ་དང་དམངས་ལ་ཕན་པའི་དམངས་འཚོ་སྒྲིག་བཀོད། བབ་ཆགས་པོའི་ཡུལ་སྡེ་རིག་གནས་བྲོ་བ་སོགས་ར་རྔ་ཁ་གྲོང་རྡལ་དུ་ཚང་མའི་མིག་ལམ་དུ་མངོན་བཞིན་ཡོད།

དར་མདོ་གྲོང་ཁྱེར་ར་རྔ་ཁའི་ཕྲུག་རིག་གནས་གསར་འཆར་ལྟེ་གནས་སུ་གནའ་བོའི་ཕྲུག་འཐག་འཁོར་དང་རྩིད་བལ། དེ་བཞིན་ཕྲུག་གི་ཐོན་རྫས་བརྒྱ་ལྷག་འགྲེམས་ཡོད་པ་དང་། ཇུས་འགོད་པས་སྲོལ་རྒྱུན་གྱི་ལག་རྩལ་ཁྲོད་ནས་རིག་པའི་ཀློང་བརྡོལ་བར་བརྟེན་ནས་བརྩམས་ཆོས་ཚང་མར་ཚེ་སྲོག་གསར་པ་བྱིན་པ་དང་ཆབས་ཅིག་ད་དུང་ལག་ཤེས་བཟོ་རྩལ་མྱོང་རོལ་བྱེད་ས་བཙུགས་ནས་འགྲེམས་སྟོན་དང་ཕྱིར་འཚོང་། མྱོང་རོལ་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་བསྡུས་ཡོད་པ་རེད།

དེ་ནི་མགྲོན་ཁང་ཞིག་ཡིན་ལ་ར་རྔ་ཁ་གྲོང་རྡལ་གྱི་ཕྲུག་རིག་གནས་གསར་འཆར་རྟེན་གཞི་དང་པོའང་ཡིན། ར་རྔ་ཁ་གྲོང་རྡལ་གྱི་འབྲེལ་ཡོད་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ར་རྔ་ཁ་གྲོང་རྡལ་གྱིས་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་བ་རྨང་གཞིར་བྱེད་པ་དང་། གསར་གཏོད་ཇུས་འགོད་འབྲེལ་ལམ་དུ་བྱས་ཏེ། ལག་རྩལ་བརྒྱུད་འཛིན་དང་ཐོན་རྫས་གསར་གཏོད། སྤུས་རྟགས་གཉེར་སྐྱོང་བཅས་ཀྱི་འབྲེལ་ཐག་ཧྲིལ་པོའི་ཐོན་རྫས་མཁོ་སྤྲོད་བྱེད་སྟངས་བཟོས་ནས་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་མྱོང་རོལ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། སྲོལ་རྒྱུན་བཟོ་རྩལ་དེང་རབས་ཅན་གྱི་མཚོན་ཚུལ་ལ་དམིགས་ནས། མི་རིགས་རིག་གནས་གསར་འཆར་སྤུས་རྟགས་ཕ་རོལ་གནམ་མཁའ་ཞེས་པ་གསར་དུ་བཏོད་པ་དང་། བོད་སྦོས་དང་ཐང་ག་སོགས་རིག་གནས་ཡུལ་སྐོར་ཚོང་ཟོག་རིགས17གསར་སྤེལ་ཧུར་ཐག་བྱས། ཇུས་འགོད་སྒྲིག་གཞི་དང་ཚན་རྩལ་ཁེ་ལས་དང་མཉམ་འབྲེལ་བྱས་ནས་མི་ཉག་བྲོ་བ་གསར་པ་ཞེས་པའི་ཐོན་རྫས་རབ་དང་རིམ་པ་བཟོས་ནས། IPཡིས་སྣེ་ཁྲིད་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་གིས་ནུས་པ་སྤྲོད་པ། ཡུལ་མིའི་གནས་ཚང་གིས་སྤུས་ཚད་ལེགས་སུ་གཏོང་བ། ཚོང་ཟོག་གིས་ཕན་འབྲས་ཆེ་རུ་གཏོང་བའི་རིག་གནས་ཐོན་ལས་གནས་བབ་ཆགས་པ་དང་། ལོ་རེའི་ཕྱིར་འཚོང་སྒོར་ཁྲི700ལས་བརྒལ་ཡོད།

ར་རྔ་ཁ་གྲོང་རྡལ་གྱིས་གནས་ཚང་སྤུས་ལེགས་ཀྱི་ཁྱུ་ཚོགས་བསྐྱངས་ནས་གནས་ཚང་དང་ལག་བཟོ་སྒྱུ་རྩལ་དང་གནས་ཚང་དང་པར་ལེན་བཅས་ཟུང་དུ་སྦྲེལ་བ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་རིག་གནས་ཡུལ་སྐོར་ཐོན་ལས་གཤོ་སྒྱུར་རིམ་སྤོར་བྱས་ཡོད། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཆོས་ལུགས་ཞིབ་འཇུག་ཁང་གི་མགོ་གཙོ་གཞོན་པ་དབྱང་ཧོན་གྱིས་རང་ཉིད་ལ་རྒྱུས་མངའ་ཡོད་པའི་མི་རིགས་ཀྱི་སྲོལ་རྒྱུན་བཟོ་རྩལ་ལ་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་པས་ཁོ་མོ་ལ་སྤོབས་པ་ཆེན་པོ་སྐྱེས་འདུག་ཅེས་བཤད།

འཁྲབ་ཁྲིད་པ་དང་རྩོམ་པ་པོ། པར་ལེན་པ་བཅས་ཡིན་པའི་མཁའ་བུས་ཉེ་ལོར་ཕ་ཡུལ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་ཞིག་བྱུང་ཡོད་པ་དང་གྲོང་ཚོའི་ཁོར་ཡུག་དང་དཔལ་འབྱོར་སོགས་ཕྱོགས་གང་ཡིན་རུང་འཕེལ་རྒྱས་ཧ་ཅང་མགྱོགས་པོ་བྱུང་ཡོད་ཅེས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད།

ཐུན་མོང་དཔལ་འབྱོར་གྱི་གསོན་ཤུགས་རབ་ཏུ་རྒྱས།། ཡུལ་སྐོར་ཐོན་ལས་ཀྱི་འཛད་མེད་ཟས་ཕོར་རྙེད།།

འཇིག་རྟེན་གཞན་གྱི་གོ་ལ་ཞེས་གྲགས་པའི་གསེག་རི་གླིང་ག་རུ་རྡོ་ནགས་དང་རྩྭ་ཐང་། གངས་རི་བཅས་ཀྱི་མཛེས་ལྗོངས་ཕན་ཚུན་ངོ་མཚར་འགྲན་པ་བཞིན་ཆགས་ནས་རྒྱལ་ཕྱི་ནང་གི་མི་རྣམས་ཧང་སངས་སུ་བཅུག་པ་དང་། རང་བྱུང་ཁམས་ཆེན་མོའི་བཟོ་རྩལ་དོ་ཟླ་བྲལ་བས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་འཕྲོག་པ་རེད།

གསེག་རི་གླིང་ག་ཡོད་སའི་གྲོང་འགོ་སྡེ་བས་ལྗོངས་ཁུལ་དང་སྤྱི་གཉེར་ཁང་། མཉམ་ལས་ཁང་དང་ཞིང་དུད་བཅས་ཕྱོགས་མང་མཉམ་དུ་སྦྲེལ་བའི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་བཙུགས་པ་བརྒྱུད་དེ། ས་ཞིང་དང། མ་རྩ། སྲིད་ཇུས་ཐོན་ཁུངས་བཅས་སྡེབ་སྒྲིག་གང་ལེགས་བྱས་པར་བརྟེན། 2024ལོར་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི200ལས་བརྒལ་ཞིང་། དེའི་ནང་སྒོ་འཛིན་ཡོང་འབབ་བགོ་བཤའ་དང་། ཁང་པའི་གླ་རིན། ཐོན་ལས་རོགས་སྐྱོར་ཐེབས་རྩ་མ་རྐང་བཞག་ནས་ཁེ་སྤོགས་བགོ་བཤའ་སོགས་ཁག་ཆེན་པོ་བརྒྱད་ཚུད་ཡོད། དེའི་ནང་གསེག་རི་གླིང་གའི་སྒོ་འཛིན་ཡོང་འབབ་ཁོ་ནར་སྒོར་ཁྲི162.58ལ་ཟིན་ཡོད་པ་རེད། ཡུལ་མི་རྣམས་ལ་ཆ་སྙོམས་མི་རེར་ཐོབ་པའི་ཁེ་སྤོགས་དེ2017ལོའི་སྒོར11.03ནས2024ལོའི་སྒོར2000ལ་འཕར་ནས། ལྡབ170ལྷག་འཕར་ཡོད།

ཐག་རིང་ལུང་ཁུག་གི་གྲོང་ཚོ་དབུལ་པོ་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་ལྟ་སར་གྱུར་པ་དང་། ཕྱི་རོལ་དུ་ལས་ཀ་བྱེད་སར་ཕྱིན་པ་ནས་སྒོ་འགྲམ་དུ་རྐང་བདག་བྱེད་པའི་བར་ཏེ། གྲོང་འགོ་གྲོང་སྡེས་འབད་འཐབ་ལ་བརྟེན་ནས་ཐུན་མོང་ཕྱུག་འབྱོར་གྱི་ལེའུ་གསར་པ་འབྲི་བཞིན་ཡོད། ཉེ་བའི་ལོ་ཤས་རིང་རྟའུ་རྫོང་གིས་སྐྱེ་ཁམས་ལེགས་ཆ་དང་རིག་གནས་ལེགས་ཆ་གཞིར་བཟུང་ཞིང་ཡུལ་སྐོར་ཐོན་ཁུངས་གཞི་རྟེན་དུ་བྱས་ནས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེ་རུ་བཏང་བ་དང་། ཡུལ་མི་ཚོས་ཡུལ་སྐོར་དང་ཐོན་ལས་ལ་བརྟེན་ནས་དཔལ་འབྱོར་སྤེལ་ཤུགས་ཆེ་རུ་བཏང་མཐར་ཡུལ་སྡེ་དར་རྒྱས་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད།

ངའི་སེམས་པ་ནམ་ཡང་ཕ་ཡུལ་ཕྱོགས་སུ་འཁོར་ཡོད། ལག་ཐོགས་ཁ་པར་ཞིང་ཆས་གསར་པར་གྱུར་པ་དང་ཐད་གཏོང་ཞིང་ལས་གསར་པར་གྱུར་པའི་དུས་རབས་ཀྱི་རླབས་རྒྱུན་ཁྲོད། རང་ཉིད་ཀྱིས་འབད་བརྩོན་བྱས་པར་བརྒྱུད་དེ་ཕ་ཡུལ་གྱི་ཕྱོགས་ཁག་གི་ཐོན་ལས་དར་རྒྱས་ཡོང་བར་རང་འཁྲིའི་ལས་དོན་ཧུར་ཐག་བསྒྲུབ་རྒྱུ་ཡིན་ཞེས་དཀར་མཛེས་ཁུལ་གྱི་དྲྭ་གྲགས་སི་ཧུར་ཕུན་ཚོགས་ཀྱིས་དེ་ལྟར་བཤད།

དཀར་མཛེས་ཁུལ་གྱི་དྲྭ་གྲགས་འཇམ་དབྱངས་བཟང་པོས་གསར་འགོད་པ་ཞིག་ཡིན་པའི་ངོས་ནས་ངས་ཕ་ཡུལ་གྱི་དྲིལ་བསྒྲགས་བྱ་གཞག་འཕེལ་རྒྱས་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ཕྲན་བུ་མུ་མཐུད་དེ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།།

དཀར་མཛེས་ཁུལ་གྱི་ས་གཞི་ཆེན་མོར་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་། སྐྱེ་ཁམས། བདེ་འཇགས་སོགས་དོན་ཆེན་ཁག་ལ་མཐའ་གཅིག་ཏུ་བརྩོན་ནས་གྲུབ་འབྲས་ཆེན་པོ་ཐོབ་དང་འཐོབ་བཞིན་ཡོད་དོ།།( ལྷ་འཛོམས་ཀྱིས་བྲིས།)