འཇིག་རྟེན་གྱི་གནས་ལུགས་གལ་བོ་ཆེ་ཞིག་ལ་མང་ཚོགས་ཀྱི་འཚོ་བ་ནི་ཆོས་དང་འཇིག་རྟེན་གཉིས་ཀྱི་རིག་གནས་ཕུལ་དུ་བྱུང་བའི་སྡོང་པོ་ཀུན་སྐྱེ་སའི་རྟེན་གྱི་གཞི་མ་ཞིང་རྣང་གཤིན་པོ་དེ་ཡིན་གྱི་ས་ཡི་བཅུད་དང་བྲལ་ནས་འཚོ་ཐུབ་པའི་སྡོང་པོ་ནི་འཇིག་རྟེན་ན་མེད་པ་དེ་ཀུན་གྱིས་ཤེས་འོས་སོ།།
ལྔ་པ་འཚོ་བའི་ཁྲོད་ཀྱི་འཛེམ་བྱ་དང་གོམས་སྲོལ་འགའ་ཞིག
ཡུལ་འདིའི་ཞིང་པ་ཚོ་ལ་དུས་རྒྱུན་གྱི་འཚོ་བའི་ཁྲོད་ན་འཛེམས་ཤིང་སྤང་དགོས་པ་དང་བླངས་ཤིང་བྱ་དགོས་པའི་ལུགས་སྲོལ་མང་པོ་ཡོད། དེ་ལས་ལ་ལ་ནི་ཆོལ་ཁ་གསུམ་གྱི་ཐུན་མོང་དུ་གྱུར་པར་སྣང་ཞིང་ཁ་ཤས་ཡུལ་གྲུ་འདིའི་ཞིང་པ་ཁོ་ན་ལ་ལྡན་པ་དང་། འགའ་རེ་ནི་ས་སྟོད་སྨད་བར་གསུམ་ལ་ཡོད་པ་དང་འགའ་རེ་ནི་གྲོང་པ་གཅིག་གཉིས་ཙམ་ལ་མ་གཏོགས་མེད་པའང་ཡོད། ལུགས་སྲོལ་དེ་དག་གི་ཕྱིའི་རྣམ་པ་ལ་རགས་པས་བལྟས་ན་རྟོག་བཟོ་བྱེད་པའི་ཡུལ་སྲོལ་གོམས་གཤིས་ཙམ་ལས་མི་འདས་པ་ལྟ་བུར་སྣང་པ་མི་ཉུང་ཡང་དོན་དུ་ཕལ་མོ་ཆེ་ནི་ལོ་ངོ་བརྒྱ་སྟོང་མང་པོའི་རིང་གི་འཚོ་བའི་ཁྲོད་དུ་ཞིང་པ་ཚོས་ཐུན་མོང་གི་རྣམ་དཔྱོད་ཀྱིས་རྙེད་པའི་མིའི་འཚོ་གནས་ལ་མཐུན་རྐྱེན་འཛོམ་ཐབས་དང་འགལ་རྐྱེན་ཞི་ཐབས་ཀྱི་ཉམས་མྱོང་ཡིན་ལ། ཞིབ་ཏུ་དཔྱད་ན་ཉམས་མྱོང་དེ་དག་ཀྱང་འཚོ་གནས་ཀྱི་ཁོར་ཡུག་ལ་སྲུང་སྐྱོང་ལེགས་པར་བྱེད་པ་དང་འབྲེལ་བ་ཆེ་བ་མང་ལ། སྲུང་སྐྱོང་དེ་དག་ཀྱང་མཐར་གཏུགས་ན་དངོས་བརྒྱུད་གང་ནས་ཞིང་ལས་སོ་ནམ་ལ་འབྲས་བུ་བཟང་པོ་ཡོང་པའི་རྒྱུ་རྐྱེན་རྟེན་འབྲེལ་དུ་མ་གྱུར་པ་ཨ་ཏོ་མེད། འདིར་ཞིང་པའི་འཚོ་བའི་ཁྲོད་ཀྱི་བཤད་སྲོལ་ལུགས་སྲོལ་དེ་དག་ཐམས་ཅད་དོན་ལ་གནས་དང་མི་གནས་རེ་ཞིག་བརྡར་ཤ་གཅད་དཀའ་ཡང་དེ་དག་གིས་སྐབས་བབས་ཀྱི་འཚོ་གནས་དང་ལས་ཀ་ལ་དགེ་མཚན་དངོས་སུ་བྱུང་དང་འབྱུང་བར་མ་ཟད། ལྷག་པར་དུ་དེ་དག་ནི་ཞིང་པ་ཚོའི་མི་དང་མིའི་བར་གྱི་འབྲེལ་བ། མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་སོགས་འཇིག་རྟེན་མི་ཆོས་ལ་བཟུང་བའི་བསམ་བློའི་འདུ་ཤེས་དང་རིགས་ལམ་རྣམ་དཔྱོད་རྣམས་ཝ་ལེར་གསལ་བའི་མེ་ལོང་ལྟ་བུ་ཡང་གྱུར་ཡོད་པས། གཤམ་དུ་འགའ་ཞིག་མཚོན་བྱེད་ཙམ་དུ་འགོད་པ་ནི།
རྒྱུན་དུ། མནའ་བཟོས་པ་ལ་ཀུན་གྱིས་འཛེམས། དེས་བྱད་ཀ་ཕོག་པ་དང་ཉེས་པ་ཆེན་པོ་འབྱུང་བ་ཡིན་ཟེར། མིའི་ལུས་པོ་དང་གྱོན་གོས་བགོམས་པ་ལ་འཛེམས། དེས་བདག་པོ་ཕྲ་བླ་མི་དར་བ། གཞན་ལ་མ་གུས་པར་འགྱུར་ཟེར། གྱོན་ཟིན་པའི་གོས་ལྷམ་དང་། ཉལ་སྟན། ཕྱགས་མ་རྣམས་མིའི་མགོ་ཐོག་ཏུ་ཁུར་བ་ལ་འཛེམས། མི་གཙང་བའི་ནད་འབྱུང་སྲིད་ཟེར། རྒྱུས་མེད་པའི་མི་དང་གྱོན་ཆས་གོན་རེས་དང་གཟི་དང་བྱུ་རུ་སོགས་རྒྱན་ཆ་འདོགས་རེས་བྱེད་པར་འཛེམས། དེས་ནད་སོགས་མི་གཙང་བའི་རིགས་འགོ་བ་ཡིན་ཟེར། སྐྱེས་པའི་ཚེ་སྲུང་དང་སྐེ་ཐག་ལ་བུད་མེད་ཀྱིས་ལག་པས་རེག་པ་དང་རྐང་པས་བགོམ་པ་ལ་འཛེམས། ནུས་མཐུ་ཉམས་འགྲོ་ཟེར། བླ་མ་དང་། ཕ་མ། རྒན་པ་སོགས་ཀྱི་མཚན་ཐད་ཀར་འབོད་པར་འཛེམས། མ་གུས་པ་ཡིན་ཟེར། སྒམ་སོགས་འབྲུ་རིགས་བླུག་སྣོད་སྟོང་པར་རྡུང་བ་དང་། ཟས་རིགས་བླུག་སྣོད་ཀྱི་ཕོར་བ། སྡེར་མ། རྩམ་སྒམ། པ་རུ། རྩམ་ཁུག། དུང་བོན། གལ་ཏ། ཁོག་ལྟིར་མྱེ་ཕོར། སྣོད་ཐབ་ཆས་སོགས་སྟོང་པར་རྡུང་བའམ་ཐོག་ནས་བགོམས་པར་འཛེམས། དེ་བསོད་ནམས་ཟད་པའི་རྒྱུར་འགྱུར་ཟེར། འབྲུ་དང་ཟས་ལྡན་པའི་སྣོད་ཀ་ཁ་ཕྱེ་ནས་བཞག་པ་ལ་འཛེམས། དེས་མི་མ་ཡིན་ནང་དུ་འཛུལ་བའམ་ཕྱིར་ཁྱེར་སྲིད་ཟེར། སྒྲོ་བར་ནས་དང་ཕྱེ་སོགས་དང་རྩམ་ཁུག་ཏུ་རྩམ་པ་བླུག་པའི་སྐབས་མི་བརྫང་པར་སོབ་སོབ་ཏུ་གྱུར་པ་ལ་འཛེམས། ཟས་ཤེད་ཆུང་བའམ་ཟ་ཡུན་ཐུང་དུ་འགྲོ་ཟེར། སྒྲོ་བ་དང་རྩམ་སྒམ་རྩམ་ཁུག་སོགས་ལས་ཕྱི་འཕྲི་སྐབས་ཟུར་ནས་བཅུ་པ་ལས་དཀྱིལ་དུ་དོང་བརྐོ་པ་ལ་འཛེམས། ཟ་སྣ་ཐུང་བ་ཡིན་ཟེར། སྣོད་ཆེ་ཆུང་གཅིག་ཏུ་ཟས་མང་ཉུང་འདྲ་བ་ཡང་མིས་བསོད་ནམས་གསོག་སྟངས་མི་གཅིག་པས་ཟ་ཡུན་རིང་ཐུང་མི་འདྲ་བ་འབྱུང་པའི་ཡིད་ཆེས་བྱེད། ཐབ་ཀའི་སྟེང་དུ་འཛེགས་པ་དང་ཐབ་ཆས་བགོམ་པར་འཛེགས། ཐབ་ལ་ཐབ་ལྷ་ཡོད་པས་བསོད་ནམས་འཛད་ཟེར། སྤགས་སོགས་ཟས་ཟོས་འཕྲོ་དང་གྲོ་ནས་སྲན་གསུམ་སོགས་འབྲུ་རིགས་ཐོར་བུར་གཏོར་བ་ལ་ཤིན་ཏུ་འཛེམས། དེས་འབྲུ་རིགས་རིན་པོ་ཆེ་འཕྲོ་བརླག་བཏང་ན་བསོད་ནམས་ཟད་ནས་དབུལ་ཕོངས་སུ་འགྱུར་འགྲོ་ཟེར། བུད་མེད་ཀྱིས་བཤས་པའི་ཤ་ཟ་བར་འཛེམས། དེས་དམེ་གྲིབ་ཕོག་སྲིད་ཟེར། ཉིན་ཤ་ཟ་བ་ལ་འཛེམས། དེ་ཤ་གཞན་ཟ་བ་ལས་ཀྱང་སྡིག་པ་ཆེ་བས་འདྲེ་སྲིན་མོས་ཀྱང་སྤང་བ་ཡིན་ཟེར། ཐ་མག་དང་སྣ་ཐ་འཐེན་པ་ལ་ཧ་ཅང་འཛེམས། ཡར་འགྲོ་ཚང་ལ་ལྷ་བཟོ་གསུམ། མར་འགྲོ་ཚང་ལ་དུ་འཐེན་གསུམ་ཞེས་ཁྱིམ་དུ་ཐ་མག་དང་སྣ་ཐ་འཐེན་མཁན་དུ་མ་ཡོད་པ་ནི་དུད་ཚང་ཐ་ཤལ་ཅན་དུ་བགྲངས། སྐྱ་བོའི་གྲལ་དུ་ཐ་མག་དང་སེར་མོའི་གྲལ་དུ་སྣ་ཐ་འཐེན་མཁན་འགའ་རེ་ཡོད་ཀྱང་རང་གིས་ཀྱང་སྤྱོད་པ་ངན་པར་བལྟས་ཤིང་བུད་མེད་ལས་ནི་མཐོང་མི་འགྱུར། ཕྱི་དྲོ་དང་མཚན་མོར་ཤ་དམར་པོ་ཁྱིམ་དུ་ཁྱེར་པ་ལ་འཛེམས། དེས་ན་ཚ་འདྲེན་ཡོང་ཟེར། རི་འགོ་དང་ལམ་དུ་འགྲོ་དུས་ཚ་འབོག་རྒྱག་སྐབས་སྒྱིད་པུར་བཙུགས་པའི་སྣོད་ཀའི་སྟེང་དུ་ཕོར་བ་བཞག་པ་དང་། ཇ་མཆོད་མ་ཕུལ་གོང་ནས་འཐུང་བ། ཁོལ་ལྕགས་ཐབ་ཀར་རྒྱབ་སྤྲོད་པའམ་ཁ་ཐུར་དུ་བསྐོར་ནས་འཇོག་པ་བཅས་ལ་འཛེམས། དེས་བསོད་ནམས་ལ་གནོད་ཟེར། འབྲུ་རིགས་དང་ཕྱུགས་ཟོག་གཞན་ལ་བཙོང་དུས་སྒྲོ་སྣོད་དང་ཁུར་ཐག། སྣ་ཐག་དང་། སྐེ་ཐག། སྒ་ཆས། སྲབ་མཐུར་སོགས་མཉམ་དུ་བཙོང་བའམ་སྟེར་བ་ལ་ཤིན་ཏུ་འཛེམས། དེས་གཡང་གཞན་ལ་ཤོར་བ་དང་རང་ལ་སྒོ་ཕྱུགས་འཕེལ་ཀ་མི་དར་བར་འགྱུར་འགྲོ་ཟེར། རྨོན་མཛོ་སོགས་བེད་ལེགས་པར་བཅད་པའི་སྒོ་ཕྱུགས་བཤའ་བའམ་བཤས་ཚོང་བྱེད་པ་ལ་ཤིན་ཏུ་འཛེམས། དེ་ཉེས་པ་ལྷག་པར་ཆེ་ཟེར། ཡུལ་གཞན་དུ་འགྲོ་དུས་གྲོང་ནང་དུ་ཟོ་བ་དང་སླེ་བོ་སོགས་སྣོད་སྟོང་པ་ཁྱེར་པ་དང་ཐུག་པར་འཛེམས། དེས་བྱ་བ་ལམ་དུ་མི་འགྲོ་བར་འགྱུར་ཟེར། འགའ་རེ་ནི་ཁྱིམ་དུ་ཕྱིར་ལོག་ནས་ཅུང་ཙམ་བསྡད་རྗེས་སླར་ཡང་སྒོ་ལ་འབུད་པ་ཡོད། དེ་ལས་ཟློག་པ་ཆུས་གང་བའི་ཟོ་བ་སོགས་སྣོད་གང་བ་ཅན་དང་ཕྲད་ན་བྱ་བ་ལམ་དུ་འགྲོ་བའི་རྟགས་བྱར་བརྩི། ཆུ་མིག་དང་དེའི་ཉེ་འགྲམ་ལ་ས་བརྐོ་བ་ཤིང་གཅོད་པ་སོགས་བྱེད་པར་འཛེམས། དེས་ཀླུའི་གནོད་པ་འབྱུང་ཟེར། མཚོ་དང་ཆུ་དང་ཆུ་མིག་ཏུ་གཅིན་སྐྱག་གཏོང་བ་དང་། གད་སྙིགས་འཕོ་བ། དུད་འགྲོའི་རོ་དང་རུས་པ་འཕེན་པ་སོགས་མི་གཙང་བར་བྱེད་པར་འཛེམས། ཆུ་འདོམ་གང་རེ་ལ་ལྷ་རེ་ཡོད་ཟེར། ཆུ་ལས་ཉའི་རིགས་བཟུང་བ་དང་ཟ་བར་འཛེམས། དེས་མི་ཤ་ཟ་བས་ཡིན་ཟེར། བཞར་བའི་སྐྲ་ཆུར་འཕངས་པར་འཛེམས། དེས་ཉ་ཡིས་ཟོས་ན་ཁོག་ཏུ་འབུར་གྱུར་ནས་ཉ་འཆི་སྲིད་ཟེར། བཅད་པའི་སེན་མོ་གང་སར་འཕངས་པར་འཛེམས། འཕངས་ན་བྱེའུ་ཡིས་ཟོས་ཏེ་ཤི་ལ་བྱེའུ་རོ་ཁྱི་ཡིས་ཟོས་ན་ཁྱི་སྨྱོ་བ་ཡིན་ཟེར། རུས་པ་དང་རས་ཧྲལ་གད་སྙིགས་རྣམས་མེར་བསྲེག་པར་འཛེམས། དེས་ལྷ་ཀླུ་གཞི་བདག་ལ་ཕོག་ཐུག་འགྲོ་བ་དང་། མི་ལ་རྨ་སྐྲངས་འབུད་པ་སོགས་ཡོང་
ཟེར། ཙོང་དང་སྒོག་པ་སོགས་དྲི་མ་ཆེ་བའི་ཟས་བཟོས་ནས་དགོན་པ་དང་ལྷ་ཁང་དུ་འགྲོ་བར་འཛེམས། དེས་ལྷ་རྟེན་རྙིད་འགྲོ་ཟེར། ཁང་ཐོག་ལ་བྱ་རྒོད་དང་འུག་པ་བབས་པ་དང་། ཁྭ་ཏས་སྐད་ངན་འབྱིན་པ། གྲོང་ནང་ལ་སྤྱང་ཀི་རྒྱུགས་པ། སྒོ་ཁའི་ཁྱི་ངུ་བར་འཛེམས། དེ་དག་བཀྲ་མི་ཤིས་པའི་རྟགས་མཚན་དང་རྟེན་འབྲེལ་ངན་ཞིང་ཆག་སྒོ་འབྱུང་བའི་རྟགས་ཡིན་ཟེར། སྦྲུལ་དགུན་ཉལ་རན་ཁར་ཐུར་དུ་འབབ་པ་དང་། བརྩིགས་པའི་སྦྲུལ་མཁར་འཇིག་བཞིན་པ། སྦྲུལ་གྱིས་སྦལ་བར་དཀྲིས་པ་རྣམས་དང་ཐུག་པ་ལ་འཛེམས། རྟེན་འབྲེལ་ཡག་པོ་མིན་ཟེར། ལྡོག་པར་སྦྲུལ་མཁར་ཡར་རྩིག་བཞིན་པ་དང་དགུན་ཉལ་ལས་ལངས་པའི་སྦྲུལ་གྱེན་དུ་བགྲོད་པ་དག་དང་ཐུག་ན་བཟང་པོའི་སྔ་ལྟས་སུ་བགྲངས། མཚན་མོ་བྱི་ལ་ལིང་ལིང་ཞེས་འབོད་པར་འཛེམས། དེས་མི་གཙང་བ་འཁྲིད་ཡོང་ཟེར། གནས་རི་དང་གཞི་བདག་ལ་འོད་ཀྱི་གསལ་མདའ་ཕོག་པར་འཛེམས། དེས་ཕོག་ཐུག་འགྲོ་ཟེར། ཟས་སྣོད་སོགས་ཕར་སྤྲོད་པའམ་ཚུར་ལེན་དུས་ལག་པ་གཉི་གས་འཇུ་པ་ལས་ཡ་གཅིག་གིས་བྱིན་ལེན་བྱེད་པར་འཛེམས། དེས་གཞན་ལ་མ་གུས་པར་འགྱུར་ཟེར། མི་དང་མིའི་ཕྱོགས་ལ་ཁ་གཏད་དེ་མཆིལ་མ་འཕངས་པ་དང་གོས་ཀྱི་ཐུ་བ་བརྡབ་བརྡབ་སྤྲུགས་པར་འཛེམས། དེས་མི་ལ་དམོད་བྱད་དུ་འགྱུར་འགྲོ་ཟེར། མི་ངོར་མཛུབ་མོ་མ་བཙུགས་ལྷ་ངོར་ཕུ་མ་བཏབ་ཅེས་མིའི་ངོ་ལ་གཏད་ནས་མཛུབ་མོ་རྐྱོང་པ་དང་ལྷ་ངོར་ཕུ་བཏབ་པར་འཛེམས། དེ་དག་ནི་གཞན་ལ་དམའ་འབེབས་དང་རང་བསོད་ནམས་འཛད་པར་འགྱུར་ཟེར། གཙུག་ལག་ཁང་དང་ལྷ་ཁང་། རྟེན་གསུམ་དང་མི་གཞན་གྱི་མདུན། མང་ཚོགས་གྲལ་སོགས་ན་ཕྱེན་གཏང་བར་འཛེམས། དེས་མ་གུས་པ་དང་ཕ་རོལ་པོ་ལ་སུན་སྣང་སྐྱེད་པས་མ་རབས་ཀྱི་སྤྱོད་པ་ཡིན་ཟེར། ལོ་སར་ཚེས་གཅིག་དང་། ཁྱིམ་དུ་དྲངས་པའི་བླ་མ་དང་ཞབས་བརྟན་སྐུ་རིམ་འཚོགས་པའི་དགེ་འདུན་ཕྱིར་ཕེབས་མ་ཐག་གམ། ནང་མི་ཐག་རིང་ལ་འགྲོ་མ་ཐག་ལ་རྗེས་ནས་གད་སྙིགས་སྡུད་ཕྱགས་བྱེད་པར་འཛེམས། དེས་གཡང་ཕྱིར་ཤོར་བ་དང་བྱེས་སུ་ལམ་འགྲོ་མེད་པར་འགྱུར་ཟེར། ལོ་སར་ཚེས་གཅིག་ལ་བྱེས་སུ་འགྲོ་བའམ་གཞན་གྱི་ཁྱིམ་དུ་མགྲོན་པོར་འགྲོ་བར་འཛེམ། རྟེན་འབྲེལ་མི་ཡག་ཟེར། ནུབ་མོར་མི་ཉལ་རྟ་དང་འདྲ། སྔ་མོར་མི་ལངས་བ་དང་འདྲ་ཞེས་མཚན་མོར་ཡུན་རིང་འདུག་པ་དང་སྔ་མོར་ཡུན་རིང་ཉལ་བར་འཛེམས། དེ་མ་རབས་ཀྱི་སྤྱོད་པ་དང་འཁོས་ཀ་ཐུར་དུ་འགྲོ་བའི་སྔ་ལྟས་ཡིན་ཟེར། ཉལ་དུས་སྔས་མགོ་ནུབ་དང་བྱང་དང་ལུང་པའི་ཕུ་ལ་འཁོར་བ་ལས་ཤར་དང་ལྷོ་དང་ལུང་པའི་མདའ་ལ་བསྟན་པར་འཛེམས། སྔས་མགོ་ཤར་དང་ལྷོ་དང་ལུང་འདབས་ཀྱི་ཕྱོགས་ལ་མི་འཁོར་ཀ་མེད་བྱུང་ན་སྔས་འོག་ཏུ་ལྷམ་འཇོག་སྲོལ་ཡོད། ཉིན་གཅིག་ལ་གྱོན་པ་མང་པོ་བརྗེས་ནས་གྱོན་པར་འཛེམས། དེས་གོས་སྐལ་རྫོགས་འགྲོ་ཟེར། ཉིན་གུང་ཡན་ལ་ཁང་པའི་སྒོ་དང་ལག་སྒོ་དག་འབྱེད་པར་སྐུལ་གྱི་ཕྱི་དྲོ་དང་མཚན་མོར་ཕྱེ་ནས་བཞག་པར་འཛེམས། མི་མ་ཡིན་སོགས་འཛུལ་ཡོང་ཟེར། དེ་ལྟར་བྱས་པ་ལ་མིག་མཐོང་ལག་རེག་གི་དགེ་མཚན་ཞིག་ཀྱང་ཡོད་པ་ནི། འདིའི་ཡུལ་ལ་སྔ་དྲོ་མཁའ་དབུགས་ཤིན་ཏུ་གཙང་ཞིང་ཉིན་གུང་རྒྱབ་ནས་རླུང་དང་ལྷགས་པ་འབེལ་ཞིང་མཁའ་དབུགས་བཙོག་པའི་ཁྱད་ཆོས་དང་བསྟུན་ནས་བདེ་ཐང་ལ་ཕན་ཐོགས་སྐྲུན་བཞིན་ཡོད་པའོ།།( མུ་འགོད།)
