སྣང་བ་རླུང་ལ་བྱིན་པའི་མཐར།།
རུས་རྐང་འདི་ཡང་ནད་ཀྱིས་མནར།།
འཇའ་ཚོན་ཆུ་ནང་ཟིགས་པ་དེ།།
ཁྱོད་ལ་ཕུལ་བའི་དྲན་རྟེན་ཡིན།།
དྲན་རྟེན་གུ་རུ་མཚན་བརྒྱད་ལ།།
རྣམ་ཤེས་བརྒྱ་དང་བརྒྱད་ཀྱང་འཁོར།།
སོ་སོར་གྱེས་པའི་གདུང་བ་ཡིས།།
མཚན་མོ་ཞིག་ཀྱང་དྲུད་ནས་ཡོང་།།
འུ་གཉིས་བར་གྱི་གསང་གཏམ་དག།
སྙིང་རྗེ་མེད་པའི་ཟླ་བ་བཞིན།།
མིག་ཆུ་ཟད་པའི་རྒོངས་མོ་དེར།།
ཉ་གང་འོག་གི་ཁྱོད་ཉིད་ཀྱང་།།
གང་གི་རྒྱ་ལས་མ་འགོངས་པས།།
ཁུ་ནག་བཙན་གྱིས་མཆོད་པའི་རྐྱེན།།
རུས་རྐང་འཐིམ་པའི་གཟུགས་བརྙན་འདི།།
མི་སྦྲིད་རང་དབང་སུ་ལ་ཡོད།།
བརྩེ་བའི་ཉི་འོད་ཚ་ལམ་ལམ།།
མཐོང་ན་ཡིད་དུ་གདུང་བ་འཕེལ།།
གྱེས་པའི་ཟླ་བ་འཁྱག་ལྷང་ལྷང་།།
གཟིགས་ན་སེམས་སུ་དགའ་བ་བདོ།།
མཚན་མོ་ཟེར་ན་ལྷིང་འཇགས་ཤིག།
ཉིན་མོ་གླེང་ན་ན་ཟུག་ཅིག།
ཅི་འདི་མེད་པའི་ལས་དབང་གིས།།
ང་རང་མགུར་ལ་བསྒྱུར་ནས་བླངས།།
ལང་ཚོ་ཡལ་བའི་སྨིན་ལེགས་མ།།
ཁེར་ཧྲེང་ལུས་པའི་ཆུ་སྐྱེས་སོ།།
ལན་ཆགས་གང་ཞིག་བྱོན་པ་དང་།།
པར་ནང་བཀོད་པའི་ཁོ་མོ་ཡིས།།
སྐྱེ་བ་འདི་ཡི་དགའ་མ་རུ།།
སྙན་ངག་བལྟམས་པའི་སྨོན་ལམ་བྱེད།།
ས་མཐའ་འཁྱག་པས་མ་ཡིན་ཡང་།།
ལུས་སེམས་གཉིས་ཀ་ནད་ཀྱིས་གཙེས།།
ད་ཀོ་དབུས་ཀྱི་བརྡ་རྟགས་དེ།།
ཧ་ཅང་ལྕི་བའི་སྣང་བ་ཡིས།།
རྨི་ལམ་སྟོང་གི་ཕ་རོལ་ནས།།
སྙིང་གི་འཕག་ལྡིང་འཇགས་སུ་མེད།།
བཀག་ཀྱང་འགོག་ཐབས་མེད་པ་ཡི།།
ཁྱོད་ཀྱིས་བཞེངས་པའི་ཀུན་རྟོག་འདི།།
མེ་འཁོར་ནང་ལ་བསྡད་དེ་བགྲོད།།
རྒོད་པོར་བཞོན་ནས་འཕུར་སྐྱོད་བྱེད།།
ཤུལ་དུ་ལྷག་པའི་འཕུར་སྐྱོད་ཀྱིས།།
སྐྱོ་བསངས་ཕྲན་ཙམ་མ་གནང་ན།།
སྨྱོ་ནད་ཡོང་ངེས་ཨེམ་ཆིས་གླེང་།།
༼ འཕུར་སྐྱོད། ༽
