国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀ་ཁ་སློབ་སྐུལ་ གྱི་ཀ་རྩོམ།

ཀ་བ་ལྟ་བུའི་རིགས་ཀྱི་སྲོག་ཤིང་སྟེ།།

ཁ་འབྲས་མཚར་བའི་ན་ཆུང་བྱིས་པ་ཚོ།།

ག་དུས་ཡིན་རུང་རང་རེའི་སྐད་ཡིག་འདི།།

ང་ཚོའི་ཁྱད་ནོར་ཡིན་པས་མ་བརྗེད་ཅིག།

ཅ་ཅོའི་འདུ་འཛི་རྒོད་པའི་འཇིག་རྟེན་དུ།།

ཆ་ཚང་ཤེས་བྱ་སློབ་པའི་ཐེམ་སྐས་ནི།།

ཇ་ལ་ཚྭ་བཞིན་ཡི་གེའི་དཔལ་ཡིན་པས།།

ཉ་མོ་ཆུ་ལ་དུངས་ལྟར་སྐད་ཡིག་སློབས།།

ཏ་ཐཱ་ག་ཏའི་བསྟན་པ་འཛིན་དགོས་ན།།

ཐ་མལ་ཡིག་རྨོངས་མི་ཡིས་ཇི་ལྟར་འཛིན།།

ད་ལྟ་སློབ་པའི་དཀའ་བ་ཁྱད་བསད་དེ།།

ན་ཆུང་བྱིས་པ་ཚོ་ཡིས་འབད་པར་འཚལ།།

པ་ཕ་ཨ་མའི་སྐུ་དྲིན་འཇལ་བ་དང་།།

ཕ་རོལ་མི་ལ་ཕན་པ་བསྒྲུབ་དགོས་ན།།

བ་ལང་ལྟ་བུའི་གླེན་པས་མི་ཡོང་བས།།

མ་ལུས་ཤེས་བྱའི་འཇུག་སྒོ་ཡི་གེ་སྦྱོངས།།

ཙ་རི་བཞིན་དུ་སྐད་གྲགས་ཆོད་དགོས་ན།།

ཚ་གྲང་ངལ་དུབ་སོགས་ལ་མ་འཛེམ་པར།།

ཛ་ཧུའི་བུ་མོའི་རྒྱུན་བཞིན་བརྩོན་དགོས་ཀྱི།།

ཝ་ལེར་ཤེས་པའི་ཤེས་བྱ་མི་སྲིད་དོ།།

ཞ་ཞི་དག་ནི་ཕ་མའི་སྲོག་ཡིན་པས།།

ཟ་མ་བྱིན་ཏེ་ལུས་པོ་གསོ་བ་ལྟར།།

འ་འུར་ངང་དུ་མི་ཚེ་མི་འཛད་པར།།

ཡ་མཚན་ཅན་གྱི་རིག་པ་སློབ་ཤོག་ཀྱེ།།

ར་བ་གངས་ཀྱིས་བསྐོར་བའི་རིགས་གཅིག་ཚོ།།

ལ་རྒྱ་འཛིན་ན་སྐད་ཡིག་ཤེས་པར་གྱིས།།

ཤ་ཁྲག་སྒྱུ་མའི་ཐོ་ཡོར་བོད་ཡིན་ཞེས།།

ས་བཤད་རྡོ་བཤད་ཙམ་གྱིས་ཅི་ཞིག་ཕན།།

ཧ་ཅང་མི་རིང་ཧ་ཅང་མི་ཐུང་བའི།།

ཨཱ་ལི་ཀཱ་ལི་སློབ་སྐུལ་ཀ་རྩོམ་འདི།།

ཧ་ཅང་མི་རྒས་ཧ་ཅང་མི་གཞོན་པའི།།

ཨ་ལ་པ་ལ་ཕྱག་སྨྱོན་གང་དེས་སྦྱར།།

༼ ཕྱག་སྨྱོན། ༽