国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྙིང་དོན་ཆེད་དོན་བརྒྱུད་སྦྱངས་བྱས།

ལི་ཐང་རྫོང་ཚོ་གསུམ་དེང་རབས་ཁྱད་ཆོས་ཞིང་ལས་གླིང་ཁུལ།

ནམ་ཟླ་དགུན་ཁར་ལི་ཐང་རྫོང་ཚོ་གསུམ་དེང་རབས་ཞིང་ལས་གླིང་ཁུལ་མ་སྐྱེས་ཨ་མའི་མེ་ཏོག་ལྡུམ་རའི་ནང་ཉི་འོད་འཕྲོས་ཤིང་དྲོད་སྐྱིད་ཁེངས། འཇའ་བ་གྲོང་རྡལ་སྒུ་མཆུ་གྲོང་སྡེའི་ཡུལ་མི་རབ་རྒྱས་སྔོ་ཚལ་དྲོད་ཁང་དུ་སྨིན་ཟིན་པའི་ལྡུམ་སྒོང་འཐུ་འགོ་བཙུགས་ཏེ་ཉིན་གཅིག་གི་ལས་ཀའི་འགོ་བརྩམས། རབ་རྒྱས་ཀྱིས་ལྡུམ་སྒོང་འཐུ་ཞོར་གདོང་ལ་འཛུམ་གྱིས་ཁེངས་པའི་སྒོ་ནས་སྔོན་ཆད་གནམ་གཤིས་ལ་བརྟེན་ནས་ལོ་ཏོག་རྨོ་འདེབས་བྱ་དགོས་ཤིང་། ད་ལྟ་གླིང་ཁུལ་དུ་ལས་ཀ་བྱེད་ན་ཟླ་རེར་ངེས་གཏན་གྱི་གླ་ཕོགས་ཡོད་པར་མ་ཟད། ལོ་མཇུག་ད་དུང་ཁེ་སྤོགས་བགོ་རྒྱུ་ཡང་ཡོད་པས་འཚོ་བ་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད།

སི་ཁྲོན་ནུབ་རྒྱུད་མཐོ་སྒང་དུ་གནས་པའི་ས་ཆ་དེ་ནི་སྔོན་ཆད་རང་བྱུང་ཆ་རྐྱེན་ཞན་པ་དང་ཐོན་ལས་གྲུབ་ཆ་ཁེར་རྐྱང་ཡིན་པའི་རྐྱེན་གྱིས་འཕེལ་རྒྱས་ལ་བཀག་འགོག་བྱུང་ཡོད། ཡིན་ནའང་། “གླིང་ཁུལ་གྱིས་སྐུལ་ཁྲིད་རྣམ་པའི”བྱེད་སྟངས་ལ་བསྐུལ་ནས་ཚོ་གསུམ་དེང་རབས་ཞིང་ལས་གླིང་ཁུལ་དང་ནོར་གནག་ཐོན་ལས་གླིང་ཁུལ་འཕེལ་རྒྱས་བྱུང་སྟེ་དེ་གར་སྔོན་ཆད་དང་བསྡུར་ན་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

འཇའ་བ་གྲོང་རྡལ་མཁའ་མཉམ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་དབང་གིས་འདས་དོན་ལ་ཕྱིར་དྲན་བྱེད་བཞིན་དུ་སྔོན་ཆད་གྲོང་སྡེའི་ས་ཞིང་ཁ་ཐོར་ཡིན་པས། ཡུལ་མི་ཚོས་ཞིང་ནང་ནས་ཅུང་ཙམ་འདེབས་པ་དང་ཁྱིམ་དུ་ཟོག་ཁ་ཤས་ལས་མེད་པས་ཡོང་འབབ་ཉུང་ཙམ་མ་གཏོགས་མི་ལོན་ཞེས་བཤད། “ས་ཁོངས་བརྒལ་བའི་དཔལ་འབྱོར”སྤེལ་སྟངས་ཁྱབ་སྤེལ་བྱས་པ་ནས་བཟུང་གོང་གི་གནས་ཚུལ་ལ་འགྱུར་ལྡོག་བྱུང་ཡོད་དེ། སྲིད་གཞུང་གིས་ལས་སྟེགས་བཏོན་པ་དང་སྤྱི་གཉེར་ཁང་གིས་གཅིག་སྡུད་ཐོག་ས་ཞིང་འཁོར་རྒྱུག་བྱས་པ། ཐོན་ཁུངས་སྡེབ་སྒྲིག་བྱས་ཤིང་། ཁེ་ལས་ནང་འདྲེན་བྱས་ནས་གཅིག་གྱུར་ངང་གཉེར་སྐྱོང་བྱས་པ། ཡུལ་མིས་ས་ཞིང་མ་རྐང་དུ་བཞག་ནས་ལོ་རེ་བཞིན་ཁེ་སྤོགས་ལོན་ཐུབ་ཡོད། གྲོང་སྡེ8ཡི་ཐུན་མོང་གིས་ས་ཞིང་མུའུ6600ལྷག་ཚོ་གསུམ་དེང་རབས་ཞིང་ལས་གླིང་ཁུལ་ལ་འཁོར་རྒྱུག་བྱས་ཏེ། ཚད་ལྡན་ཅན་གྱི་སྔོ་ཚལ་རྟེན་གཞི་བསྐྲུན་པ་དང་། ཐོན་སྐྱེད་དང་ལས་སྣོན་ཉོ་ཚོང་གཞི་གཅིག་ཅན་གྱི་མ་ལག་འཛུགས་པ་བཅས་བྱས་ནས་ཐོན་པའི“མཚོ་འཕགས་མཐོ་བའི་སྐྱེ་ལྡན་སྔོ་ཚལ”ཐད་ཀར་ཁྲེང་ཏུའུ་དང་ཁྲུང་ཆིང་གི་ཁྲོམ་རར་མཁོ་སྤྲོད་བྱས་ཏེ་རིན་གོང་བརྒྱ་ཆ40ལས་འཕར་ཏེ། གྲོང་སྡེ་རེར་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི23འཕར་ཡོད། མཁའ་མཉམ་གྲོང་སྡེའི་ལས་བྱེད་པ་ཚེ་རིང་གིས་དགའ་སྤྲོ་ཆེན་པོས་ས་ཞིང་ནི་བེད་མེད་ཀྱི་རྒྱུ་ནོར་ཞིག་མ་ཡིན་ལ། ཁེ་སྤོགས་བགོ་རྒྱུ་ཡོད་པའི་ནོར་བུ་དགོས་འདོན་ཀུན་འབྱུང་ལྟ་བུ་ཞིག་ཏུ་གྱུར་ཡོད་ཅེས་བཤད། མ་སྐྱེས་ཨ་མའི་མེ་ཏོག་ལྡུམ་རའི་ཞིང་གྲོང་གིས་ཡུལ་སྐོར་ཞབས་ཞུ་དང་ལྟ་སྐོར་ཞིང་ལས་སྡེབ་སྒྲིག་བྱས་ཏེ་གླ་ཕོགས(བཟོ་ལས་བྱེད་པ།)དང་ས་ཞིང་བོགས་དངུལ། མཉམ་ལས་རྐང་དངུལ། རོགས་སྐྱོར་ཐེབས་རྩ་ཅན་གྱི་དངུལ་བཞི་ཞིང་ལས་དང་མཉམ་འབྲེལ་ལམ་སྲོལ་བཙུགས་ཏེ་གྲོང་སྡེ32ལ་ཁེ་བཟང་སྒོར་ཁྲི251.4ལོན་ཐུབ་པ་བྱུང་ཡོད།

ལི་ཐང་རྫོང་ནོར་ཕྱུགས་ཐོན་ལས་གླིང་ཁུལ་གྱི་སྐྱེ་ཁམས་འཁོར་སྐྱོད་ཕྱིར་འབྲེལ་གཅོད་པའི་བྱེད་ཐབས་ཀྱིས་སྲོལ་རྒྱུན་འབྲོག་ལས་ལ་གསོན་ཤུགས་གསར་པ་བསྩལ། ཧོ་སྙིང་ཡུལ་ཤོག་ཧོ་ར་སྙིང་པ་གྲོང་སྡེའི་མཁས་ཆོས་ཀྱིས་འདས་དོན་ལ་ཕྱིར་དྲན་ཐེངས་གཅིག་བྱས་ནས་སེམས་སྐྱོ་པོས་སྔོན་ཆད་ང་ཚོས་ཟོག་གསོ་ནའང་ཟོག་ལ་ནད་ཡམས་བྱུང་བ་དང་ཕྱིར་ཚོང་བྱས་དཀའ་བའི་དཀའ་གནད་ཆེན་པོ་འཕྲད་ཡོད་ཅེས་བཤད། ད་ཆར། ཁོ་ཚང་ནི་གསོ་སྤེལ་དུད་ཚང་ཆེན་པོ་གྱུར་ཡོད་པར་མ་ཟད། ད་དུང་གླིང་ཁུལ་གྱི་ཁེ་ཕན་ཐོབ་མཁན་ཞིག་ཀྱང་གྱུར་ཡོད། གླིང་ཁུལ་གྱིས་རྩྭ་འདེབས་ཕྱུགས་གསོ་དང་། ལས་སྣོན་ཞིབ་ཚགས་དང་སྤུས་དག་བྱེད་པ། བློ་རིག་དོ་དམ། སྐྱེ་ལྡན་འདེབས་འཛུགས་བཅས་ཀྱི་མ་ལག་ཁྱབ་གདལ་བཏང་བ་དང་། ཕེང་ཧྥེ་དང་ཙང་ཡོན་སོགས་ཁེ་ལས་ནང་འདྲེན་བྱས་ནས་རིག་ནུས་ཅན་གྱི་གསོ་སྤེལ་མ་ལག་དང་ཐོན་རྫས་འབྱུང་ཁུངས་རྗེས་འདེད་ལས་སྟེགས་བསྐྲུན་ཡོད།

ནོར་གནག་ཐོན་ལས་གླིང་ཁུལ་གྱི་འགན་འཁུར་བ་ཀྲོའུ་རེན་པིན་གྱིས་ང་ཚོས་མཉམ་ལས་ཁང་བར་ཟོག་ཤ་སྤྱི་རྒྱ་རེར་རིན་གོང་དམའ་ཤོས་ལ་སྒོར32སྤྲད་པའི་ཉོ་སྒྲུབ་ཀྱི་གན་རྒྱ་བཞག་ཡོད་པས། འབྲོག་པ་རྣམས་ཟོག་ཤའི་རིན་གོང་ཁུག་མི་ཁུག་གི་སེམས་ཁྲལ་མེད་པ་བཟོས་ཡོད་ཅེས་བཤད། ད་དུང་། ངལ་རྩོལ་ནུས་ཤུགས་མེད་པའི་ཁྱིམ་ཚང་ལ“ཚབ་གསོའི་ཞབས་ཞུ”མཁོ་འདོན་བྱས་ཏེ་གཅིག་གྱུར་གྱིས་གསོ་སྤེལ་བྱས་ནས་འབྲོག་པ་རྣམས་ལ་ཁེ་བཟང་བགོས་ཐུབ་པ་བྱུང་ཡོད། ད་སྔར། ནོར་ཕྱུགས་ཐོན་ལས་གླིང་ཁུལ་གྱིས་མཉམ་ལས་ཁང13དང་འབྲོག་པ་དུད་ཚང495དེའི་ནང་ཞུགས་ཏེ། ཞིང་འབྲོག་མི་སྣ300ལྷག་ཐོན་ལས་བཟོ་པར་བསྒྱུར་ནས་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི392འཕར་ཡོད།

ལི་ཐང་རྫོང་གིས་གླིང་ཁུལ་དེ་གཞི་རྟེན་ལ་བྱས་པ་དང་སྣེ་ཁྲིད་ཀྱི་ཁེ་ལས་གཙོ་བོར་བྱས་ཏེ། རིན་གོང་འགན་ལེན་གྱི་མངགས་ཐོ་ལ་བརྟེན་ནས་ཕྱུགས་རྩྭ་དང་སྔོ་སྐམ་མ་རྨོས་ལོ་ཏོག་སོགས་རྒྱུ་ཆ་ཉོ་སྒྲུབ་བྱས་པ་དང་། གནད་དུ་འཁེལ་བའི་སྒོ་ནས་ཐོན་སྐྱེད་ཆུང་བ་དང་ཁྲོམ་ར་ཆེ་བ་བར་སྦྲེལ་མཐུད་བྱེད་པ་དང་། དུས་མཉམ་དུ་ཐོན་སྐྱེད་ལས་སྣོན་གྱི་ཚད་གཞི་བཟོ་རྒྱུར་གཙོ་ཁྲིད་བྱས་ཡོད། གླིང་ཁུལ་གྱིས་ཁེ་ལས་དང་མཉམ་ལས་ཁང་། ཞིང་དུད་བཅས་ཀྱི་འཕེལ་རྒྱས་རྣམ་པ་བཏོད་དེ་ས་ཞིང་འཁོར་རྒྱུག་ཡོང་འབབ་དང་། བཟོ་ལས་གླ་ཕོགས། མཉམ་ལས་ཁེ་སྤོགས་བཅས་ཀྱི་རིམ་གསུམ་གྱི་བགོ་བཤའི་མ་ལག་བཙུགས་ཡོད། མཉམ་ལས་ཁང་གིས་གཅིག་གྱུར་གྱིས་ཐོན་སྐྱེད་སྒྲིག་འཛུགས་དང་མངགས་ཐོ་སྦྲེལ་མཐུད་བྱས་པ་དང་། ཁེ་ལས་ཀྱིས་ཁེ་སྤོགས་ཕྱིར་སྤྲད་ནས་བགོ་བཤའ་ཐེངས་གཉིས་བྱས། འབྲོག་པ་རྣམས་སྔོན་གྱི“ཁེ་རྐྱང་གིས་དཀའ་ལས་བརྒྱབ་པ”ནས་དེང་སང་གི“ལེགས་གཉེར་གཉེར་སྐྱོང”དུ་གྱུར་ཡོད།

“ལི་ཐང་གི་ནོར་གནག”ལ་ས་ཁམས་མཚོན་རྟགས་ཀྱི་དཔང་གཅོད་ཐོབ་པ་དང་། “མཚོ་འཕགས་མཐོ་བའི་ཤིང་ཏོག་དང་སྔོ་ཚལ”དང“མཁའ་དབྱིངས་འབྲོག་ར”ས་ཁོངས་ཀྱི་སྤྱི་སྤྱད་ཟོང་རྟགས་སུ་གྱུར་ཏེ་ཤང་ཀང་དང་ཨའོ་མོན་གྱི་རྟེན་གཞིར་མཁོ་འདོན་བྱེད་པའི་འཇོན་ཐོབ་ཐོབ་ནས་ཁྲོམ་ར་སྔར་བས་རྒྱ་བསྐྱེད་བྱུང་ཡོད། གློག་རྡུལ་ཚོང་དོན་གསོ་སྐྱོང་ལྟེ་གནས་སུ་ན་གཞོན་ལོ་ཆུང་ཚོས་ཐད་གཏོང་དངོས་ཟོག་འཚོང་པར་སློབ་སྦྱོང་བྱས་ཏེ་ཟོག་ཤ་སྐམ་པོ་དང་མཐོ་སྒང་གི་ཤ་མོ་སོགས་ས་གནས་དེ་གའི་ཐོན་རྫས་རྒྱལ་ཡོངས་ཀྱི་གང་ས་གང་ལ་འཚོང་བཞིན་ཡོད།

ཀྲོའུ་རེན་པིན་གྱིས་ང་ཚོས་རྩྭ་ཡག་པོ་འདེབས་པར་མ་ཟད། ནོར་གནག་ཀྱང་ཡག་པོ་གསོ་དགོས། དེ་བས་ཐོན་རྫས་ཡག་པོ་བཙོང་ཐུབ་པ་དང་སྐད་གྲགས་ཁྱབ་ཐུབ་པ་བྱ་དགོས་ཞེས་བཤད། རིག་ནུས་ཅན་གྱི་གསོ་སྤེལ་དང་། ཐོན་རྫས་ཀྱི་འབྱུང་ཁུངས་འདེད་པ། འཁྱག་རྫས་ཟོག་འགྲུལ་འབྲེལ་ཐག། གློག་རྡུལ་ཚོང་ལས་ཀྱི་ཐབས་ལམ་བཅས་ཀྱི་ཚན་རྩལ་དང་སྤུས་རྟགས་འཕེལ་རྒྱས་བཏང་ནས་ཐོན་ལས་སྦྲེལ་ཐག་གི“རིན་ཐང་སྟུག་ཚད”རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད།

ལི་ཐང་གི་གླིང་ཁུལ་ནི་ཐོན་ལས་འདུ་འཛོམས་བྱ་ཡུལ་ཞིག་ཡིན་པར་མ་ཟད། ལམ་སྲོལ་གསར་གཏོད་ཀྱི་མཚེའུ་ཞིག་དང་། ཞིང་པའི་ཕྱུག་འགྱུར་གྱི་ར་བ་ཞིག་ཀྱང་ཡིན། ཚོ་གསུམ་སྔོ་ཚལ་ར་བ་དང་ནོར་གནག་ཐོན་ལས་གླིང་ཁུལ་གང་ནས་བལྟས་ན་གླིང་ཁུལ་གྱིས་སྣེ་ཁྲིད་དང་། ཁེ་ལས་ཀྱིས་ནུས་པ་བཏོན་པ། ཐུན་མོང་མཉམ་འགུལ་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བཅས་ཀྱི་ཐབས་ལམ་གསར་པ་ཞིག་རི་མོ་བཞིན་མངོན་ཡོང་།

ལི་ཐང་རྫོང་གིས་གླིང་ཁུལ་གྱི་འཕེལ་རྒྱས་སྲོག་ཤིང་གཙོ་བོར་བྱས་ཏེ་“ས་ཁོངས་བརྒལ་བའི་ཐོན་ཁུངས་སྡེབ་སྒྲིག་དང་། ཐོན་ལས་ཕྱིར་འབྲེལ་མེད་པའི་གཉེར་སྐྱོང་། བྱེད་པོ་མཐུན་སྦྱོར་མཉམ་འགུལ། ཟུང་རྟགས་ལ་ཚན་རྩལ་གྱིས་ནུས་པ་སྤྲོད་པ་བཅས་ཀྱི་འཕེལ་རྒྱས་ཐབས་ལམ་བསྐྲུན་ནས“གླིང་ཁུལ་གྱི་སྣེ་ཁྲིད་དང་ཁེ་ལས་ཀྱིས་ནུས་པ་སྤྲོད་པ། ཐུན་མོང་མཉམ་འགུལ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བའི”རྒྱུན་མཐུད་སྐྱེ་ཁམས་སྦྲེལ་ཐག་ཞིག་ཆགས་བཞིན་ཡོད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)