国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གར་གྱི་ཆོ་འཕྲུལ།

བཟོ་བཀོད་རྣམ་པ་མཛེས་པའི་ཕོ་བྲང་དུ།།

དྲི་ཞིམ་ངད་པ་འཐུལ་པའི་པད་མའི་མཚོར།།

ངང་ངུར་སེམས་པ་ཡན་པའི་དཔྱིད་དཔལ་དུས།།

ཞུས་ཀྲོའུ་ཡུལ་གྱི་མཚར་སྡུག་ལྷ་ཡུལ་བསྒྲུན།།

མཉེན་ལྡེམ་རྒྱུད་དྲུག་དབྱངས་ཀྱི་སྐུད་པ་ཕྲར།།

བཀྲག་མདངས་འོད་རིས་འཁྱུག་པའི་སོར་གར་ལྷན།།

དབྱངས་བདུན་སྙན་པའི་དཔལ་འཇོ་དྲི་ཟའི་གླུ།།

ཐོས་འཛིན་ཨུཏྤལ་ཚལ་དུ་སྙན་བཅུད་སྟོབ།།

དཔའ་མཛངས་མཚན་གྱི་སྙན་པ་ས་གཞི་ཁྱོན།།

ལྡེམ་འགྲོས་སྤྲིན་དཀར་ཟོལ་གྱིས་གཤེགས་པ་ཡི།།

གནམ་འོག་མི་ཡི་གྲལ་ནས་ཁྱད་འཕགས་མིའི།།

ཡིད་བརྟན་གར་གྱི་སྟངས་སྟབས་སྒུལ་སོ་ཉིད།།

ཕྲ་ལྡན་ལུས་ཀྱི་འཁྲི་ཤིང་ཡལ་འདབ་རྩེར།།

བཞིན་བཟང་ཆུ་སྟོད་ཟླ་བའི་ལང་ཚོ་ཅན།།

སྐྱེ་རྒུའི་འཁྲེང་ཞེན་རྒྱ་མཚོ་རྒྱས་བསྐྱེད་དུ།།

ཚངས་དབང་ལྷ་ཡིས་བཏང་བའི་ཕོ་ཉ་བ།།

འཇམ་པའི་གཤིས་ལ་ཟླ་བའི་འོད་མདངས་རྒྱས།།

དུང་བའི་མཚོ་ཁར་དམ་ཚིག་རླབས་ཕྲེང་རྩེན།།

མཛེས་མཛངས་ལྷ་ཡི་སྲས་མོའི་མགྲིན་ཟོམ་ལས།།

སྙན་འཇེབས་ཚིག་གི་འོ་མའི་སྟིམ་སྒྲ་འཁྱིལ།།

མཛའ་མཐུན་སྨན་ཆབ་བཞུར་པའི་ལོ་ཟླ་རུ། །

ཡིད་གཅུགས་ཁང་བཟང་བཞེངས་པའི་མཛའ་བའི་གྲོགས།།

མི་བརྟན་ཚེ་ཡི་རྫོགས་ཚིག་འབྲི་བའི་ཤུལ།།

གཉུག་སེམས་རི་བོའི་ཟོམ་དུ་སྨུག་སྤྲིན་གཏིབས།།

༼ དབྱངས་ལྡེའུ། ༽