国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྣང་བའི་གཞས་ཆུང་དྲུག་དཀར།

དགའ་སྐྱོ་ཚོར་བའི་གསེབ་ཀྱི་ཉེ་གམ་ནས།།

མི་ཚེའི་གཏམ་རྒྱུད་ཁྱོད་དང་མཉམ་དུ་གླེང་།།

ད་དུང་ང་ཡི་དུང་སེམས་འཕྱུར་རླབས་སུ།།

ཁྱོད་ནི་གསེར་ཉ་བཞིན་དུ་འཁོར་ནས་ཡོད།།

ཟླ་བྲལ་ཉ་གང་འཛུམ་པའི་མཁའ་དབྱིངས་སུ།།

སྐར་ཚོགས་གྲལ་མཐའ་བརྒྱན་པའི་ཡིད་གཞུང་ན།།

ལང་ཚོའི་གཟི་འོད་ངོམས་པའི་འཇའ་ཚོན་འོག།

འུ་གཉིས་འཚོ་བའི་ལམ་ཁ་མཛེས་པར་སྙམ།།

འདི་ནས་ལེ་དབང་སྟོང་གི་ཕ་མཐའ་ན།།

ལམ་ཆུང་ཧ་ཅང་དོག་པའི་རི་ལམ་དུ།།

ངག་གི་མགྲིན་དབྱངས་སྙན་པའི་མི་མོ་ཆེར།།

དབྱངས་ཅན་ལྷ་མོའི་འུ་གཉིས་བསྲུངས་ནས་ཡོད།།

ངག་ལ་ངག་གི་འགྱུར་ཁུག་རན་པོ་ཞིག།

ཚིག་ལ་ཚིག་གི་སྡེབ་སྦྱོར་མཛའ་ནི་ཞིག།

སྒྱུ་མའི་སྤང་གི་སྣང་བ་རྒྱ་ཡན་མཁན།།

ང་ཡི་གཤིས་སུ་ཁྱོད་རང་སུན་ནམ་ལགས།།

འདི་ནི་ང་ཡི་གཤིས་ལུགས་མ་བཅོས་པ།།

རེ་བའི་དབྱངས་ལ་འཐམས་པའི་བྱས་རྗེས་ཤིག།

མ་འོངས་གསར་སྐྱེས་གཞོན་ནུ་ཕོ་མོའི་ཚོགས།།

དགྱེས་པའི་གསོས་སུ་སྨིན་པའི་སྦྲང་ཆར་ཞིག།

དྭངས་གསལ་ཡན་ལག་བརྒྱད་ལྡན་གཙང་པོའི་འགྲམ།།

འཛུམ་ཆུང་ཉི་མའི་དྲོད་ལ་ལྡེ་པ་ཡི།།

ན་ཆུང་ཟུར་མིག་དགོད་པའི་སྨན་ཤར་དེ།།

ང་ཡི་ནང་སེམས་མཐུན་པའི་ཚེ་གྲོགས་ཡིན།།

དགའ་བདེའི་འཇིག་རྟེན་འཁོར་བའི་ཕུན་ཚོགས་ལ།།

འུ་གཉིས་ལོངས་སུ་སྤྱོད་སྐབས་མ་བྱུང་ཡང་།།

རེ་སྐྱིད་སྙིང་གཏམ་གླེང་བ་དེ་ཙམ་གྱིས།།

མི་ཚེའི་རིན་ཐང་ཆེ་ཞིག་རྙེད་པ་ཡིན།།

ངག་རིག་དབྱངས་ཀྱི་གཤོག་ཟུང་ཐོགས་དང་ལྷན།།

ཁྱོད་དང་མཉམ་དུ་རྒྱང་རིང་འཕུར་ན་བསམ།།

ཡིན་ཡང་གཉེན་ཉེ་སྒྱུ་སྐར་ཕྲ་ཚོམས་ཀྱིས།།

བུ་ལ་གནང་བ་སྦྱིན་མིན་མི་ཤེས་ཁུ །

གང་ལྟར་ལས་ཀྱི་བག་ཆགས་དབང་བཙན་པས།།

ཁྱོད་དང་སོ་སོར་གྱེས་ཐབས་ཧ་ཅང་བྲལ།།

དེ་བས་ང་ཡི་མཛའ་གཅུགས་ཁྱོད་རང་ལ།།

ཉེ་བའི་འཕྲིན་པ་འདི་ཡང་སྤྲིངས་པ་ལེགས།།

འདིར་བྲིས་སྙན་པའི་བ་དན་མཐོང་ལགས་སམ།།

འདིར་ཡང་འགུགས་པའི་གླུ་ལ་ཨེ་གསན་ནམ།།

ང་ཡི་སྙིང་ལ་སྡུག་པའི་མཛའ་ན་མོ།།

དོ་ཞག་ཁྱོད་རང་དྲན་པ་རིང་ནས་དྲགས།།

༼ ཁམས་ཟླ་སྲས། ༽