འདུ་འབྲལ་གེ་སར་གྱི་ཟེའུ་འབྲུ་ཁེར་རྐྱང་།།
སྟོན་མཇུག་འཁྲི་ཤིང་གི་རྩེ་ནས་འཐོར་དུས།།
ངེས་ཤེས་བློས་གཏོང་གིས་རང་སེམས་གསོ་བར།།
ཕལ་བའི་མི་དག་གི་རང་ཚུགས་ཨེ་རེད།།
མཛའ་གཅུགས་སྤྲིན་དཀར་གྱི་གཤོག་འགྱུར་འོག་ནས།།
སྣང་ཚོར་མཉམ་བསྲེས་ཀྱི་མེ་ཏོག་འཐུ་དུས།།
གློ་བུར་རྣམ་རྟོག་གི་སེར་བ་འདྲོགས་པར།།
ཕལ་བའི་མི་དག་གི་གཉུག་གཤིས་ཨེ་རེད།།
ལྟོ་གོས་གཏམ་གསུམ་གྱི་ལོ་མ་ལྗང་ཁུ།།
རེ་བའི་ལྗོན་རྩེ་ནས་ཐོབ་ཀྱང་ཤོར་ཡང་།།
སོ་དཀར་མུ་ཏིག་གི་ཕོ་བྲང་བཞེངས་པར།།
ཕལ་བའི་མི་དག་གི་བློ་ཁོག་ཨེ་རེད།།
རྣམ་རྟོག་ལྷོ་སྤྲིན་འདིའི་ཕ་རོལ་དེ་ན།།
སེམས་ཉིད་འོད་གསལ་གྱི་དབྱར་ཁ་ཚེས་སྐད།།
འཕོ་མེད་ཟངས་ཐལ་གྱི་གཉུག་མའི་གླུ་བྲོ།།
འཁོར་བ་འདུ་འབྲལ་གྱི་སྙན་ངག་ཨེ་རེད།།
རྟེན་འབྱུང་དངུལ་དཀར་གྱི་གྲུ་ལ་བསྡད་ནས།།
མ་ངེས་རེ་དོགས་ཀྱི་གཙང་པོ་རྒལ་དུས།།
མཛའ་བརྩེ་ཟ་འོག་གི་ཆར་གདུགས་སྔོན་པོ།།
འབྲལ་ཁའི་ཞེ་འདང་གི་ལྷག་མ་ཨེ་རེད།།
༼ སྲིད་པའི་བརྡ། ༽
