ལེགས་སྨོན། 1970ལོའི་ཟླ་བ8པར་སྐྱེས་ཤིང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་གི་མི་ཡིན། རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྒྱུད་འཛིན་པ་དང་། ཁྲེང་ཏུའུ་ལེགས་སྨོན་རི་མོའི་སྒྱུ་རྩལ་བརྒྱུད་སྤེལ་ལྟེ་གནས་ཀྱི་འགན་འཁུར་བ་ཡིན། བགྲང་བྱ་བཅུ་ཕྲག་གི་རིང་ལ་ལེགས་སྨོན་ལགས་ཀྱིས་སི་ཁྲོན་དང་། བོད་ལྗོངས། ཀན་སུའུ། མཚོ་སྔོན། པེ་ཅིང་། ཧྲང་ཧའེ། ཀོང་ཏུང་། ཅང་སུའུ། ཧྲན་ཏུང་སོགས་རྒྱལ་ཡོངས་ས་གནས་ཁག་གི་མི་རིགས་ཁག་གི་སློབ་མ1500ལྷག་ལ་རིན་པ་མི་དགོས་པར་མཛེས་རྩལ་སློབ་ཁྲིད་བྱས་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་ལས་བོད་ཀྱི་ཐང་ག(ཀརྨ་སྒར་བྲིས་ལུགས)ཡི་ཞིང་ཆེན་རིམ་པ་དང་། ཁུལ་རིམ་པ། རྫོང་རིམ་པ་བཅས་ཀྱི་བརྒྱུད་འཛིན་པ20ལྷག་སྐྱེད་སྲིང་བྱས་ཡོད། མི་རིགས་རིག་གནས་ཀྱི“གཉིས་གཏོད”ལམ་བུར་ངལ་མེད་ཀྱི་རྟ་མཆོག་འབད་འབུངས་ལྕག་གིས་རྒྱུན་ཆད་མེད་པར་བསྐུལ་བ་དང་། མིག་མཐོང་ལག་ཟིན་གྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་གསལ་བཤད་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ལག་ལེན་བསྟར་ཡོད། 2016ལོར་ཁོང་ཀྲུང་གོའི་མི་བཟང་གི་མིང་ཐོའི་གྲལ་དུ་ཚུད་པ་དང་། 2020ལོར་སི་ཁྲོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། ད་ལོའི་སྤྱི་ཟླ9པར། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྣར་བདམས་ཡོད།
ཏང་གི་ཉི་འོད་འོག་ནས་འཚར་ལོངས་བྱུང་།། གསར་བརྗེའི་བརྗོད་དོན་བརྩམས་ཆོས་དྲིན་དུ་ཕུལ།།
ལེགས་སྨོན་ནི་ཏང་གི་ཉི་འོད་དང་སྦྲང་ཆར་གྱི་གསོ་སྐྱོང་འོག་འཚར་ལོངས་བྱུང་བའི་རིག་གནས་སྒྱུ་རྩལ་ལས་དོན་པ་ཕུལ་དུ་བྱུང་བ་ཞིག་ཡིན་ཞིང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་ཐང་གའི་སྒྱུ་རྩལ་ལ་བརྟེན་ནས་མི་རིགས་རིག་གནས་ཀྱི་གཞི་འཛིན་རང་བཞིན་ལྡན་པའི་དྲང་གཞག་དང་དཔའ་ངར། ལྷག་བསམ་བཅས་མངོན་པར་མཚོན་པ་དང་ཆབས་ཅིག། ནང་དོན་དང་རྣམ་པའི་ཐད་ནས་གསར་གཏོད་ཀྱི་རང་བཞིན་ཡང་མངོན་པར་བྱས་ཏེ། དུས་རབས་གསར་པའི་གཏམ་རྒྱུད་ཡག་པོ་འཆད་པ་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་འཆད་པ་གཞིར་བཙུགས་ནས་རིག་གནས་ཀྱི་གདེང་ཚོད་དེ་མི་དམངས་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་དང་རིག་གནས་ཀྱི་གཤིས་རྒྱུད་ནང་འདྲེས་པར་བྱ་དགོས་པའི་ངོས་འཛིན་བྱེད་ཀྱིན་ཡོད།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བའི་དུས་མཚམས་སུ། ཏང་ལ་ལྷག་བསམ་རྣམ་དག་གི་བསམ་པ་དང་དྲིན་གཟོ་བའི་བསམ་པ་འཆང་བཞིན་པའི་ལེགས་སྨོན་གྱིས་བརྗིད་ལེགས་མཛེས་གསུམ་གྱི་ཁྱད་ཆོས་འཛོམས་པའི་ཐང་གའི་བརྩམས་ཆོས་ཆེན་མོ་གྲུ་གཟིངས་དམར་པོའི་སྙིང་སྟོབས་ཞེས་པ་སྒྱུ་རྩལ་གྱི་ཉམས་བརྒྱས་ཁེངས་པ་དེ་ཕྱག་སོར་རྩེ་ནས་འཁྲུངས་པར་མ་ཟད། བརྩམས་ཆོས་དེ་རིན་པ་མི་དགོས་པར་ཀྲུང་གོ་མི་རིགས་རྟེན་རྫས་བཤམས་མཛོད་ཁང་ལ་ཞལ་འདེབས་ཕུལ་བ་དང་། ཀྲུང་གོ་མི་རིགས་རྟེན་རྫས་བཤམས་མཛོད་ཁང་གི་མཛོད་དཔོན་གཞོན་པ་ཀྲེང་ཆན་ཆེད་དུ་ཁྲེང་ཏུའུ་རུ་ཕེབས་ནས་ཞལ་འདེབས་འབུལ་བའི་མཛད་སྒོར་ཞུགས་ཤིང་། ཁོང་གིས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་སྲུང་སྐྱོང་དང་རྒྱུན་འཛིན། བརྒྱུད་སྤེལ་བཅས་བྱ་རྒྱུ་ནི་ཀྲུང་གོ་མི་རིགས་རྟེན་རྫས་བཤམས་མཛོད་ཁང་གི་འགན་འཁྲི་ཡིན་པས། སྲོལ་རྒྱུན་ལག་རྩལ་གྱིས་ཡོངས་སུ་ཕྱུག་ཡོད་ལ་དུས་རབས་ཀྱི་ཉམས་འགྱུར་ཡང་ཕུན་སུམ་ཚོགས་པའི་ཐང་གའི་བརྩམས་ཆོས་འདི་ལྟ་བུ་ཉར་ཚགས་ཐུབ་པར། དོན་སྙིང་ཁྱད་དུ་འཕགས་པ་ལྡན་ཡོད་ཅེས་གསུངས། ལེགས་སྨོན་གྱིས་ངས་བྱེད་ཐབས་འདི་འདྲ་ཞིག་སྤྱད་དེ་ཏང་གི་དྲིན་གཟོའི་བསམ་པ་མཚོན་པར་བྱེད་འདོད། ངའི་སློབ་མ་རྣམས་ཀྱང་ཐང་ག་བཞེངས་པའི་ཁྲོད་དུ་ཞུགས་པ་དང་། འབྲི་བཞེངས་ཁྲོད་ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་གསར་བརྗེའི་སྙིང་སྟོབས་བསྡུ་ལེན་བྱེད་ཅིང་། ཀྲུང་ཧྭའི་རིག་གནས་ཀྱི་བརྒྱུད་འཛིན་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་མཁན་བྱེད་པའི་ཆོད་སེམས་བརྟན་དུ་སོང་ཡོད་ཅེས་བཤད། ཉེ་བའི་ལོ་ཤས་རིང་ལེགས་སྨོན་གྱིས་སྔ་རྗེས་སུ《དགེ་རྟག་སྤྲུལ་སྐུ་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་གཉིས།》དང་།《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འབུམ་ཤོག་བཅོ་བརྒྱད་པ་བོད་དུ་བསྐྱོད་པ།》《སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ།》སོགས་གསར་བརྗེའི་བརྗོད་དོན་ཅན་གྱི་བརྩམས་ཆོས200ལྷག་བྲིས་ཡོད་པ་རེད།
ལྷག་བསམ་ཆེན་པོས་རིས་མེད་སློབ་བུ་བསྐྱངས།། ཨ་ཕ་ལེགས་སྨོན་ཞེས་པའི་མཚན་སྙན་ཐོབ།།
ལེགས་སྨོན་གྱིས་མི་ཚེའི་གོམ་ཁ་སྒྱུ་རྩལ་ལ་ཕྱོགས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་སྒྱུ་རྩལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ལག་རྩལ་ཁྱད་དུ་འཕགས་པ་དམིགས་སུ་བཏོན་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྲ་བརྟན་དུ་བཏང་ཡོད། རི་མོའི་འབྲི་རྩལ་སྦྱོང་སར་ཡོང་བའི་སློབ་ཕྲུག་ཅིག་ཡིན་ཕྱིན་དགེ་རྒན་ལེགས་སྨོན་གྱིས་རང་ནུས་ཡོད་རྒུས་ཁྲིད་སྟོན་བྱེད་བཞིན་ཡོད་པ་དང་། 1988ལོ་ནས་བཟུང་ཁོང་གིས་རང་ཉིད་ལས་ཐོབ་པའི་ཡོང་འབབ་ལ་བརྟེན་ནས་ས་ཁུལ་མི་འདྲ་བའི་བོད་རིགས་དང་། སོག་རིགས། ཆའང་རིགས་དང་དབྱིས་རིགས་སོགས་མི་རིགས་ཁག་གི་སློབ་ཕྲུག་ཚོར་སློབ་ཡོན་མི་ལེན་པར་ཐང་ག་བཞེངས་ཚུལ་ཁྲིད་པ་དང་། ད་དུང་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རོགས་རམ་བྱས་དང་བྱེད་མུས་སུ་ཡོད། ལེགས་སྨོན་གྱིས་དུས་རྒྱུན་དུ་སློབ་བུ་རྣམས་ལ་རི་མོ་འཁྲིད་རྒྱུ་ལས་གཞན། ད་དུང་སྤྱོད་ཡོན་གཉིས་ལྡན་གྱི་མི་ཞིག་བྱ་དགོས་པའི་ཁ་ཏ་བསླབ་བྱའང་གནང་བས་མ་ཚད་མི་རིགས་མཐུན་སྒྲིལ་དང་
བླངས་པའི་ཞབས་ཞུ་རུ་ཁག་བཙུགས་པ་དང་། ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ཞར་དང་ཞོར་ལ་དྲིལ་བསྒྲགས་བྱས་ཏེ། ས་གནས་སྡོད་དམངས་ལ་རང་ནུས་ཅི་ལྕོགས་ཀྱིས་བྱ་བ་བསྒྲུབས་ཏེ། བྱིས་པ་ཚོར་སྤྱི་ཁུལ་གྱི་ཞབས་ཞུའི་ཁྲོད་བདེ་སྐྱིད་ཚོར་དུ་བཅུག་པར་བརྟེན། བྱིས་པ་རྣམས་ཀྱིས་སྙིང་ཉེ་བའི་སྒོ་ནས་ཁོང་ལ་ཨ་ཕ་ལེགས་སྨོན་ཞེས་འབོད་བཞིན་ཡོད། 2014ལོར་ལེགས་སྨོན་གྱིས་ཁྲེང་ཏུའུ་ལེགས་སྨོན་རི་མོའི་སྒྱུ་རྩལ་བརྒྱུད་སྤེལ་ལྟེ་གནས་བཙུགས་པ་དང་རི་མོའི་སྒྱུ་རྩལ་བརྒྱུད་སྤེལ་ལྟེ་གནས་དེ་སྔ་རྗེས་སུ་སི་ཁྲོན་དཀར་མཛེས་ལས་རིགས་ལག་རྩལ་སློབ་གྲྭའི་ཐང་གའི་ཆེད་ལས་ཀྱི་སློབ་ཕྱིའི་སློབ་ཁྲིད་ས་ཚུགས་དང་། སི་ཁྲོན་ཞིང་ཆེན་བོད་ཀྱི་ཐང་ག(ཀརྨ་སྒར་བྲིས་ལུགས)ལྟ་སྦྱོང་རྟེན་གཞི། སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལེགས་སྨོན་ཐང་གའི་རི་མོའི་རྩལ་ནུས་མཁས་ཅན་ལས་དོན་ཁང་བཅས་སུ་གྱུར་ཡོད། 2022ལོ་ནས2023ལོ་བར་ཁྲེང་ཏུའུ་ལེགས་སྨོན་རི་མོའི་སྒྱུ་རྩལ་བརྒྱུད་སྤེལ་ལྟེ་གནས་ཀྱིས་སྤྱི་ཕན་གསོ་སྦྱོང་ཐེངས82བྱས་པ་དང་། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་གསོ་སྦྱོང་ནང་ཞུགས་མཁན་སློབ་མ3380ལ་ཟིན་ཡོད། རྒྱལ་ཡོངས་ཀྱི་ས་གནས་ཁག་གི་འཚམས་འདྲིར་ཕེབས་མཁན་རྟོག་ཞིབ་སློབ་སྦྱོང་ཚོགས་པའི་རུ་མི290ལྷག་ལ་སྣེ་ལེན་བྱས་པ་དང་། འཚམས་འདྲིར་ཕེབས་མཁན་མི25600ལ་ཟིན་ཡོད་པ་རེད།།( ཀུན་དགས་བྲིས།)
