འདིའི་མི་རྒན་ཚོས་ཀྱང་གྲོ་ནས་སྲན་གསུམ་ནི་རང་གི་མེས་པོ་བྲག་སྲིན་མོ་དང་སྤྲེའུ་གཉིས་ཀྱི་བུ་རྒྱུད་འཕེལ་ཏེ་མི་སོས་པར་གྱུར་དུས་སུ་གཏེར་ནས་ལེན་པའི་གཏེར་མ་ཡིན་ཞིང་འབྲུ་རིགས་གཞན་ལས་ཁྱད་དུ་འཕགས་པ་ཡིན་ཞེས་ཡིད་ཆེས་བྱས། གྲོ་དང་སྲན་མ་ལའང་ཤིན་ཏུ་གཙིགས་ཆེན་པོ་བྱེད་དེ། ཞལ་དྲོ་ཁ་དྲོ་ཞེས་དྲོ་དང་སྒྲ་མཚུངས་པའམ་ཡང་ན་སྲན་ནས་གཉིས་ལས་ཅུང་དཀོན་པས་གང་ཡིན་མ་ཤེས་གྲོ་ནི་ཧ་ཅང་བཀྲ་ཤིས་པའི་མཚོན་བྱེད་དུ་བགྲང་ཞིང་། རྒྱུན་དུས་འཚོ་བའི་ཅི་ས་གང་ཐད་དུ་རྟེན་འབྲེལ་བཟང་པོར་སྒྲུབ་བྱེད་དུ་གྲོ་སྤྱོད་པ་མང་བ་དཔེར་ན། དུས་ཆེན་བཟང་པོར་གྲོ་སོ་ཕྱེ་མར་གྱིས་མཆོད་པ་དང་། ཁང་པ་གསར་པར་སྤོས་ན་གྲོ་དང་ལྕི་བ་ཐོག་མར་ཁྱེར་པ། རྟ་ཟོག་གསར་པ་ཉོས་ན་ཐོད་པར་མར་བྱུགས་པ་དང་ཁ་ལ་གྲོ་ལྡུད་པ་ལྟ་བུ། དེ་བཞིན་དུ་སྲན་མ་ལའང་འབྲུ་རིགས་ཀུན་གྱི་མ་ཞེས་གྲོ་ནས་སྲན་གསུམ་སྐྱེ་སའི་ཡུལ་དག་ན་སྲན་མ་ལོ་ལེགས་ཡོད་མེད་ནི་འབྲུ་རིགས་གཞན་ལོ་ལེགས་ཡོང་དང་མི་ཡོང་བའི་སྔ་ལྟས་སུ་བགྲངས། དེ་བས་རྒྱུན་དུ་དེ་གསུམ་པོའི་མིང་མཉམ་དུ་འབོད་པའི་དུས་སུའང་གྲོ་ནས་སྲན་གསུམ་ཞེས་བཀྲ་ཤིས་པའི་རྟགས་ཀྱིས་སྔོན་དུ་དྲངས་ཤིང་གོ་ཆོད་པའི་བུ་ཡིས་བར་དུ་བཟུང་ལ་དྲིན་ཆེ་བའི་མ་ཡིས་མཇུག་ནས་བསྐྱངས་ཏེ་འབོད་པ་ལས་ནས་སྲན་གྲོ་སོགས་གོ་རིམ་དཀྲུགས་ནས་བརྗོད་སྲོལ་མེད། དེ་ནི་འདིའི་ཞིང་པ་ཚོའི་དུས་རྒྱུན་འཚོ་བའི་ཁྲོད་དུ་ཁྱིམ་ཚང་ཞིག་གི་ཁྱིམ་གཞིས་སྐྱོང་སྟངས་སུ་འགན་འཁྲི་ཐམས་ཅད་ཕ་ཡིས་སྔུན་ནས་ཁྲིད་ཅིང་མ་ཡིས་རྒྱབ་ནས་སྐྱོར་བཞིན་གཙོ་བོ་བུ་དང་བུ་མོ་ཚོས་འཁུར་པའི་འཚོ་བའི་གོམས་སྲོལ་དང་ཡང་ཤིན་ཏུ་མཐུན་པོ་ཡོད། གལ་ཏེ་ནས་དང་སྲན་མ་ཁོ་ནའི་མིང་མཉམ་དུ་འབོད་པའི་ཚེ་སྲན་ནས་ཞེས་མ་ཡིས་བུ་འཁྲིད་པ་བཞིན་དུ་བརྗོད་པ་ལས་ཞིང་པའི་ངག་ལ་གོ་རིམ་ལྡོག་ནས་སྦྱོར་སྲོལ་ཡེ་ནས་མེད། བོད་སྐད་ཀྱི་ཐ་སྙད་ཡི་གེ་སོགས་ཀྱི་གོ་རིམ་དུ་ཕ་དང་ཕོའི་རང་བཞིན་མགོ་ན་བཞག་ཅིང་མ་དང་མོ་ཡི་རང་བཞིན་ཅན་གཞུག་ན་བཞག་པའི་སྐབས་མང་བ་ནི། དཔེར་ན་བོད་ཡིག་གསལ་བྱེད་སུམ་ཅུའི་གོ་རིམ་ལ་ཀ་སོགས་ཕ་ཡིག་རྣམས་མགོར་དང་མ་ཡིག་ཨ་གཞུག་ཏུ་བཞག་པ་ལྟ་བུ་དང་། མིང་གི་ཐ་སྙད་ལའང་ཕ་མ་དང་ཕོ་མོ་ཞེས་པ་ལྟ་བུར་བསྒྲིགས་པ་སོགས་ཏེ། དེ་དག་ནི་དབྱངས་དང་གསལ་བྱེད་རྣམས་ཀློག་པའི་དུས་སུ་སྒྲ་ཡི་འགྱུར་ལྡོག་ཡོད་མེད་ཀྱི་གནད་འགག་དང་། ལུས་ཀྱི་གྲུབ་ཆ་གཙོ་བོ་རུས་རྐང་ཁུ་གསུམ་ཕོ་ལས་བྱུང་བས་རིགས་ཀྱི་ཁུངས་གཏུགས་ས་དང་ཤ་ཁྲག་པགས་གསུམ་མོ་ལས་བྱུང་བ་སོགས་ཕུགས་སུ་གནས་ལུགས་དང་རྒྱུ་མཚན་ཟབ་མོ་ཡོད་པར་མ་ཟད། གནས་སྐབས་འཚོ་བའི་མངོན་ཚུལ་ལའང་བུ་རྒྱུད་ལ་མཚོན་ན་ཕ་ནི་སྔོན་དུ་འཚེ་དང་གེགས་རྣམས་བསལ་ཞིང་ལེགས་པ་ཐམས་ཅད་སྟོན་མཁན་དང་མ་ནི་རྗེས་ནས་བྱམས་དང་དྲིན་གྱིས་སྐྱོང་ཞིང་ཉེས་པ་མཐའ་དག་སེལ་མཁན་དུ་འགྱུར་ལ། གལ་ཏེ་ཁྱིམ་ཚང་ཞིག་ལ་ཕ་མེད་སོང་ན་རང་གཞན་ཀུན་གྱིས་རྒན་མོ་མ་བུ་ཞེས་ཕྱི་ནས་ཐུབ་ཚོད་དང་བརྙས་བཅོས་མང་བ་དང་མ་མེད་པར་གྱུར་ན་ནང་ལ་དྲོ་སྐྱིད་དང་བྱམས་སྐྱོང་ཉུང་བར་བལྟས་ཤིང་དོན་ལའང་གནས་ཡོད་པ་དང་། བུ་རྒྱུད་དག་ཀྱང་ཕ་མེད་ན་རྒོད་ལ་ཤོར་ཉེན་ཆེ་བ་དང་མ་མེད་ན་དམའ་ལྟར་གྱུར་པ། བག་འཁུམ་པ། ངོ་བཟོད་ཆུང་བ། སྨྲ་བ་དཀོན་པ། སྤོབས་པ་མེད་པ་ལྟ་བུའི་སྐྱོན་ཆ་ལྡན་ཤས་ཆེ་བར་ཡོད། དེ་བཞིན་དུ་བླ་མ་དང་། དགེ་རྒན། རྒན་རབས་སོགས་གུས་པར་འོས་པའི་མི་དང་འགྲོགས་ནས་ལམ་དུ་འགྲོ་སྐབས་རང་ཉིད་སྐུ་རྒྱབ་བམ་གཡོན་ངོས་ལས་མདུན་དང་གཡས་ངོས་ནས་མི་འགྲོ་བ་དང་། ཁྱིམ་དུ་མགྲོན་པོ་སླེབས་ན་གྲལ་མགོ་དང་། མཐོ་ས། ཁང་པའི་སྒོ་དང་ཐག་རིང་བའི་ནང་ཕྱོགས་ན་བཞུགས་སུ་བཅུག་ནས་བདག་པོས་གྲལ་མཐའ་དང་། དམའ་ས། སྒོ་དང་ཉེ་ས་ནས་སྣེ་ལེན་བྱེད་ཅིང་། མགྲོན་པོས་ཀྱང་གལ་ཏེ་ཁྱིམ་དུ་དགེ་འདུན་པ་དང་རྒས་འཁོགས་སོགས་རང་གི་གུས་འོས་པ་ཡོད་ན་དེའི་འོག་ཏུ་བསྡད་པ་ལས་གོང་དུ་མི་འདུག ། དེ་ནི་མི་ཚོའི་རིན་ཐང་འཛིན་སྟངས་ལ་སྔུན་དང་གཡས་དང་ནང་གི་ཕྱོགས་རྣམས་ཡུལ་བཟང་ས་དང་ཆེ་སར་རྩི་ལ། རང་ལས་གཞན་གཙོ་བོར་བྱེད་པ་ནི་ཡ་རབས་དང་ཡང་དག་པར་འཛིན་པས་ཡིན་ཞིང་། མཚོན་བྱེད་ཐ་སྙད་ལའང་སྔུན་རྒྱབ་དང་། གཡས་གཡོན། ཕྱི་ནང་ཞེས་གཙོ་ཕལ་ཕྱེ་བའི་རིན་ཐང་བསམ་བློ་ལྟར་གོ་རིམ་བསྒྲིགས་པ་ལས་གོ་ས་གང་མོས་སུ་མི་བརྗེ། སྤྱིར་བཏང་མིང་འདོགས་ཚུལ་དང་ཐ་སྙད་གོ་རིམ་སྒྲིག་སྟངས་སོགས་གཏན་འཇགས་བྱེད་པའི་ཁྲོད་དུ་འཇིག་རྟེན་ལྟ་བ་དང་རྒྱུ་མཚན་གནས་ལུགས་ཕུན་སུམ་ཚོགས་པ་འགྲེལ་རྒྱུ་ཡོད་པ་ནི་བོད་ཡིག་བོད་སྐད་ཀྱི་ཁྱད་དུ་འཕགས་པའི་ཁྱད་ཆོས་ཤིག་ཡིན་ཞིང་སྐད་དང་ཡི་གེ་རིག་གནས་ཀྱི་རྟེན་དུ་གྱུར་པའི་འགྱུར་ཚུལ་ཞིག་ཀྱང་ཡིན། རྟེན་གསུམ་དང་བླ་མ་དགེ་འདུན་སློབ་དཔོན་བཅས་ཕྱི་མའི་མགོན་སྐྱབས་སུ་བསྟེན་པའི་མདུན་དུ་བཅར་སྐབས་ཞྭ་དང་ལྷམ་ཕུད་དེ་ལུས་ཀྱི་ཕྱག་འཚལ་ཞིང་ལྡོག་པའི་སྐབས་སུ་ཡང་སྐེད་པ་སྒུར་ཞིང་ལག་ཟུང་ཐལ་མོ་སྦྱར་བས་ཕྱི་ནུར་བཞིན་དུ་བཀྱེད་དེ་ལོག་ལ། འཇིག་རྟེན་དོན་དུ་བསྟེན་པའི་ལྷ་ཀླུ་དཔོན་སོགས་ལ་ནི་གུས་པའི་ཚུལ་རྣམས་བསྟན་ཀྱང་ས་ལ་གཏུགས་པའི་ཕྱག་ནི་ཕུལ་མི་དར། དེ་ལས་མི་ཚོས་ཕུགས་ཀྱི་བདེ་སྡུག་ལ་གནས་སྐབས་ཀྱི་ཁེ་ཕན་ལས་ཀྱང་གལ་ཆེན་པོར་བཟུང་ཞིང་མཐུ་དང་སྟོབས་དང་དབང་དང་གོ་གནས་སོགས་ལས་ཀྱང་ཤེས་རིག་ཡོན་ཏན་ལ་གུས་ཞབས་ཆེ་བའང་མངོན་ཡོད། ཞིང་པ་རྣམས་ལ་རྒྱུན་དུས་ལས་ཀ་ལས་སྐབས་གྱོན་ཆས་རྙིང་པར་བརྗེ་བ་དང་ཅ་དངོས་རྒྱབ་ལ་ཁུར་དུས་ཕྱ་ར་གྱོན་པ། ས་བོན་ཐོག་མར་འདེབས་པ་དང་། ཐོང་ཕུད་པ། སྟོན་ཁར་ལོ་ཐོག་བརྔ་བ་སོགས་ཀྱི་སྐབས་སུ་མཆོར་ར་ཕུད་པའི་སྲོལ་ཡོད། ནས་ནི་ཁྱིའི་སྐལ་བ་ཡིན་པས་ཁྱི་ལ་ཟན་སྦྱིན་ན་ཟས་འཕེལ་བའི་གནད་ཡོད་ཅེས་ཁྱི་དང་དུད་འགྲོ་ལ་ཟས་སྦྱིན་པ་ནི་ཡ་རབས་དང་དགེ་བར་བརྩིས། ཁང་ཁ་དང་རང་གི་ཉེ་འགྲམ་ན་ཕོ་རོག་དང་ཀ་ཀ་ཡིས་སྐད་སྒྲ་འབྱིན་ན་གྲོག་དང་འཕྲད་པའི་མཚན་མ་ཞེས་བཟང་པོར་བརྩི། ཁང་ཞབས་ཀྱི་གདུང་ལྕམ་ངོས་སུ་སྡོམ་གྱིས་བ་ཐག་གི་
དྲ་རྒྱ་བྲེ་བ་དང་ཁང་སྟེང་མདའ་ཡབ་དང་དཀར་ཕིབས་སོགས་ཀྱི་འོག་ན་བྱེའུ་ཁ་ལ་ཡུག་གིས་ཚང་བཅས་ན་དུད་ཚང་ཡར་རྒྱས་འགྲོ་བའི་རྟགས་མཚན་ཞེས་ཡག་པོར་བརྩི། མིའི་ལུས་པོར་རྨ་བྱུང་ན་བལ་མེར་བསྲེགས་པའི་ཐལ་བ་བྱུགས་ནས་ཁྲག་གཅོད་པ་དང་། ཁྱིས་རྨུགས་ན་དེ་མ་ཐག་ཏུ་རྩམ་པས་སྤགས་སྦྲུས་པ་རྨས་ཤུལ་དུ་ཐུག་སྟེ་ཁྱིར་སྟེར་པས་དུག་སེལ་ཐབས་བྱེད། ཡོས་རྔོ་བ་དང་སྣུམ་གྱིས་ཟས་གཡོ་བའི་སྐབས་རྨ་ཐལ་( ཇེ་སྡུག་ཏུ་འགྲོ་བ)ཞེས་ལུས་ལ་རྨ་དང་ལྡན་ན་རིང་དུ་བྲོས་པའམ་ཐབ་ས་ཟ་ཞིང་བྱུགས་ཏེ་བྱོལ་ཐབས་བྱེད། མཆུ་དང་གདོང་ལ་བཙོག་པའི་དབང་གིས་ཡིན་པར་དོགས་པའི་འབུར་རིལ་བྱུང་ན་བཙོག་པ་བཙོག་པས་ཐུབ་ཅེས་སྒོ་ཐེམ་དང་ལྷམ་མཐིལ་འོག་གི་ཐལ་བ་བྱུགས་སྲོལ་ཡོད། མི་ཕྱུགས་རུས་པ་ཆག་དཀྲུམས་དང་ལྷུ་ཚིགས་བུད་པ་སོགས་བྱུང་ན་དམངས་ཁྲོད་ཀྱི་སྨན་ལས་མཁས་པ་འགས་ཧྲག་ཧྲུག་ཏུ་བཅག་པ་རྣམས་ཀྱང་ཕྱིར་ཆ་ལེགས་པར་བསྒྲིགས་ཤིང་བསྒགས་ཏེ་ཟླ་བ་གཅིག་གཉིས་རིང་གིས་སྔ་ལྟར་སླ་གསོས་པར་བྱེད་ལ། སྨན་ཡོན་ནི་ནད་པས་རང་གིས་འཁོས་ཀ་ལྟར་རང་མོས་སྒོས་སྟེར་ཆོག་ཅིང་དབུལ་ཕོངས་ཅན་ལས་ཡོན་མི་ལེན་པའང་ཡོད། བྱིས་པ་སོ་བརྗེ་སྐབས་ལྷུང་བའི་སོ་གནམ་ལ་འཕངས་ནས་སྐད་ཆེན་པོས་ནམ་མཁའི་ཨ་ཡུ་གོ་ཆོད་མ། རྟ་སོ་རྡོ་ལེབ་ཡར་འཕངས། སོ་ཡུག་དཀར་ཅན་མར་གནང་རོགས་ཞེས་འབོད་དེ་སོ་ཡག་པོ་སྐྱེས་པའི་རྟེན་འབྲེལ་སྒྲུབ་སྲོལ་ཡོད། མི་གཉིས་གསུམ་མཉམ་དུ་ཉིན་གཅིག་གཉིས་ལ་རྫི་བོར་འགྲོ་བའམ་མི་མང་པོ་གཟའ་འཁོར་དང་ཟླ་བའི་རིང་ལ་བྱེས་སུ་མཉམ་དུ་ཞོར་ལས་འགྲོ་བ་སོགས་ཀྱི་སྐབས་སུ་ཡུན་རིང་པོ་ཡིན་ན་མི་ཚང་མས་འགྲོ་སོང་ཆ་སྙོམས་ཀྱིས་སྡུད་ཅིང་དཀའ་ངལ་ཡོད་པ་དང་ལག་སྣེ་མི་རྒྱུགས་པ་ལ་བསྡུ་ཆ་མར་བཅག་པའམ་མི་དགོས་པར་བྱེད་པ་དང་། ཡུན་རིང་མིན་ན་རང་རང་སོ་སོས་ཁྱིམ་གྱི་ཆ་རྐྱེན་ལྟར་བཟའ་བཏུང་ཅི་འབྱོར་གང་འབྱོར་སེར་སྣ་མེད་པར་དྲོ་ཁར་ཁྱེར་ཅིང་། ཟ་འཐུང་བྱེད་པའི་དུས་སུའང་ཚང་མས་ཇ་གྲོས་བསྐོར་ཅིང་ཟས་བཟང་ངན་མེད་པར་ཡོད་ཚད་དཀྱིལ་དུ་ལོ་རྒན་པ་ཀུན་གྱིས་ཡིད་ཆེས་བྱེད་ས་ཞིག་གི་ལག་ཏུ་སྤུངས་པ་དང་། དེས་བཟའ་བ་དང་བཏུང་བ་མཐའ་དག་མི་མགོ་བརྒྱ་སྐལ་ཞེས་ཟས་སྣ་ཡོད་ཚད་ཆད་ལྷག་དང་མང་ཉུང་མེད་པས་ཚང་མར་ཕྱིར་ཆ་སྙོམས་སུ་འབྲིམ་ཞིང་། ཟས་གང་ཞིག་ཤིན་ཏུ་ཉུང་བས་བགོ་སྣེ་མི་འདང་བ་ལྟ་བུ་བྱུང་ན་ལོ་རྒན་པ་དང་ལུས་མི་བདེ་བ་ལྟ་བུའི་རོགས་དམིགས་བསལ་བ་ལ་དམིགས་བསལ་གྱིས་སྟེར་སྲིད། སུ་ཡིས་ཟུར་དུ་སྒེར་ཟ་སྒེར་འབྱོང་དང་བཟའ་ངོམ་བཏུང་ངོམ་བྱེད་པ་མཐོང་ན་སྤྱོད་པ་མ་རབས་དང་སྤྲང་པོའི་ལས་ཀ་ཞེས་འཕྱ་སྨོད་དང་མཐོང་ཆུང་བྱེད་ཅིང་རྗེས་སུ་དེ་དང་གྲོགས་སུ་མི་འགྲོག་པའི་སྲོལ་སྟུག་པོ་ཡོད།།( མུ་འགོད།)
