国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( ཁམས་པའི་འཛུམ་མདངས་སྤྱིའི་འདོན་ཐེངས་བཞི་བརྒྱ་གོ་ལྔ་པའི་པར་ངོས་གཉིས་པའི་འཕྲོར་མཐུད།)

དུས་རྒྱུན་དུ། འབྲུ་རིགས་ལ་ཤིན་ཏུ་གཙིགས་ཆེན་པོ་བྱེད་སྲོལ་ཡོད། ད་སྔོན་གངས་ཅན་པ་ལ་མུ་གེ་འཇོམས་པའི་དཔལ་རྟུལ་བུ་རྒོད་དང་བཀྲེས་ལྟོགས་སེལ་བའི་གོ་ཆོད་ཟས་ཀྱི་གཙོ་བོ་འབྲུ་རིགས་ནས་ཡིན་པས། ནས་ཀྱི་འབྱུང་ཁུངས་ལ་ཁ་བའི་ལྗོངས་ཀྱི་ས་གནས་སོ་སོའི་དམངས་ཁྲོད་ཀྱི་ངག་རྒྱུན་དུ། དཔེར་ན་གནའ་སྔ་མོ་སྔ་མོར་བྱ་ཞིག་ཡོད་པས་མཐོ་སྒང་དུ་གནས་པའི་བོད་མི་ལ་འབྲུ་རིགས་གང་ཡང་མེད་པ་མཐོང་སྐབས། ལྷ་ཡུལ་དུ་སོང་སྟེ་འབྲུ་རིགས་བསླངས་ཀྱང་ལྷས་ནས་ཀྱི་ས་བོན་བང་མཛོད་དུ་བསྐུངས་ཤིང་སྟག་དང་སེང་གེ་ལ་སྒོ་སྲུང་དུ་བཅུག། བྱ་ཡིས་སེང་གེ་ཟས་ལ་ཡེང་ཞིང་སྟག་གཉིད་བབས་པའི་སྐབས་མཛོད་ལས་ནས་ཀྱི་ས་བོན་འབྲུ་བདུན་ཁམ་དུ་བཟུང་ནས་མི་ཡུལ་དུ་ལོག་ཅིང་། དང་པོར་རི་དྭགས་ལ་གཉའ་བཅོས་ནས་གངས་རིའི་རྩེ་ལ་བཏབ་ཀྱང་འབྲས་བུ་མ་སྨིན། དེ་ནས་གསེར་མིག་ཉ་ལ་གཉའ་བཅོས་ནས་རྒྱ་མཚོའི་ནང་ལ་སོན་བཏབ་ཀྱང་འབྲས་བུ་མ་བྱུང་། དེ་རྗེས་ཁྱུང་དཀར་མཛོ་ལ་གཉའ་བཅོས་ནས་ས་གཞིའི་ཐང་ལ་སོན་བཏབ་པས་འབྲས་བུ་ལེགས་པར་སྨིན་ནས་བོད་མི་ཀུན་གྱིས་སྦྲང་དཀར་རྩམ་པ་ཟ་ཐུབ་པ་བྱུང་ཞེས་པ་དང་། ཡང་གནའ་སྔ་མོའི་སྔ་མོ་ལ་རྒྱལ་པོའི་བུ་དཔའ་མཛངས་རྟུལ་ཕོད་ཅན་ཞིག་ཡོད་པ་དེ་འབངས་མི་སེར་གྱི་ཆེད་དུ་ཀླུའི་རྒྱལ་པོའི་མདུན་དུ་ནས་ཀྱི་ས་བོན་བསླང་བར་ཆས་ཀྱང་སེར་སྣ་ཆེ་བའི་ཀླུའི་རྒྱལ་པོས་མ་བྱིན་པས་གཞན་གྱི་རོགས་རམ་ལ་བརྟེན་ཏེ་ལྐོག་ནས་བརྐུས་པ་ན་བཟུང་ཞིང་ཁྱི་ལུས་སུ་བསྒྱུར། རྗེས་སུ་རྒྱལ་པོ་ཞིག་གི་སྲས་མོའི་བརྩེ་བ་ཆགས་པའི་དབང་གིས་སླར་ཡང་མི་ལུས་སུ་གྱུར་ཅིང་ནས་ཀྱི་ས་བོན་ཡང་རྙེད་ཅེས་ལྷ་དང་ཀླུ་ཡི་ཡུལ་ནས་བྱུང་བའི་ཁྱད་པར་འཕགས་པས་བསྟོད་པ་བཞིན།