སྤྱིར་བཏང་གི་མཚན་མོ་མང་པོ་ཞིག་ལ།
ང་རང་འུག་པ་ལྟར་གཉིད་ལས་སད་དེ།
ཁ་པར་གྱི་འཆར་ངོས་སྟོང་བར།
རབ་རིབ་ཀྱི་མིག་ཟུང་ཅེར་ནས།
ནམ་ཡང་སླེབས་མི་སྲིད་པའི་ཁྱོད་ཀྱི་བརྡ་འཕྲིན་ལ་བསྒུགས།
བསིལ་རླུང་གིས་མུན་ནག་གི་ཨུ་ཁུང་ནས།
ཤི་གསོན་དང་གྱེས་བྲལ་གྱི་སྒྲ་སྙན་དཀྲོལ།
ཁེར་རྐྱང་གི་རྨང་གཞས་ཐན་ཐུན།
ངའི་རྨི་ལམ་གྱི་ནམ་མཁའ་ནས་མཆེད་དེ།
དྲན་སྨུག་གིས་བཏུམ་པའི་སེམས་ཀྱི་གཏིང་ལ་ཟུག།
ཞེན་ཆགས་ཀྱི་འོད་སྣང་མ་ཡལ་བའི་འབུ་མེ་ལྕེབས་རེའང་།
ངའི་ཁ་པར་གྱི་ཤེལ་ངོས་ལ་འཚངས་འོངས་ཏེ།
མཛེས་སྡུག་གི་གཏམ་རྒྱུད་ཅིག་གི་དཔང་པོ་བྱེད་བསམ་ཡང་།
འུ་ཐུག་པའི་ཤུ་སྒྲ་རིང་པོ་ཞིག་ལས།
རྨི་ལམ་ཁྲོད་ཀྱི་ལྷ་མོ་དེ་བསླེབ་མ་བྱུང་།
ལྦུ་ཆང་དམ་བུ་གང་། དབུགས་ཐེངས་གཅིག་གིས་གཡུག་རྗེས།
ང་རང་ཟླ་འོད་འཕྲོ་བའི་སྒེའུ་ཁུང་ཁར་འགྲེངས་ཏེ།
གྲང་ཤུར་ཤུར་གྱི་ལྷགས་རླུང་ལ།
“ཁ་ཡ་མ་བྱས་ན་མ་བྱས།
ཆར་པ་འབབ་ཐེངས་རྗེས་མའང་འཇའ་ཤར་ནི་རེད།”
ཟེར་བཞིན་དུ་བ་རྐང་གཅིག་སྔོ་ལྷོག་ལྷོག་སྦར་ཏེ།
ཕྱིར་རང་གི་འཁྱག་སིབ་སིབ་ཀྱི་མལ་སར་ཉལ།
༼ ཉག་ཕྲན། ༽
