国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧོར་བྲག་མགོའི་ལི་ཁོག་གནའ་བྲོ།

སྤྱིར་བོད་ཀྱི་ཞབས་བྲོ་དེ་ཐོག་མར་ཇི་ལྟར་དར་བའི་ཐད་ལ་འདི་ལྟར་རིགས་འདེད་བྱ་ཆོག་སྟེ། གཅིག་ནི་མི་རྣམས་ཀྱི་ངལ་རྩོལ་འཚོ་བ་སྟེ། རྔོན་ལས་དང་འབྲོག་ལས། ཞིང་ལས་སོགས་ཀྱི་སྐབས་ལུས་པོའི་དགྱེ་སྒུར་གྱི་སྟངས་སྟབས་ལས་འཕེལ་འགྱུར་བྱུང་བའམ། ཡང་ན་རི་དྭགས་དང་གཅན་གཟན། སྒོག་ཕྱུགས་གཡུང་དྭགས། འདབ་ཆགས་སོགས་ཀྱི་ཡན་ལག་འགུལ་སྟངས་དང་རྩེད་མཆོང་བྱེད་སྟངས་སོགས་ལ་ལད་ཟློས་བྱས་ཏེ་བྱུང་བར་བཤད། དུས་ཡུན་རིང་པོར་འཕེལ་རྒྱས་སུ་སོང་བ་བརྒྱུད་ནས། རང་རེའི་དམངས་ཁྲོད་རིག་གནས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཏེ། མི་རྣམས་ཀྱི་དགའ་སྐྱོ་དང་བརྩེ་སེམས་མཚོན་ཐབས་ཀྱི་སྒྱུ་རྩལ་ཐབས་ལམ་ཞིག་ཏུ་ཆགས་ཡོད།

གནའ་བྲོ་འདི་ནི་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་པ་ཡས་མས་སུ་ཧོར་བྲག་མགོའི་གེ་འཕན་ལི་ཁོག་མ་ཞེས་པའི་འབྲོག་སྡེ་སོགས་སུ་འཁྲབ་སྲོལ་བྱུང་ཞིང་། གནས་འདིའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་སྟེ། ཚིག་གི་རྐང་པ་རེ་རེ་དང་དབྱངས་ཀྱི་འགྱུར་ཁུགས་རེ་རེ་ཡིས་ཕ་མེས་རྣམས་ཀྱི་རིག་པའི་རྩལ་དང་སྤོབས་པའི་གདེང་། རིན་ཐང་གི་ལྟ་བ་དང་འཚོ་བའི་ཉམས་མྱོང་སོགས་ཚིག་ཉུང་དོན་འདུས་ཀྱི་སྒོ་ནས་མཚོན་བཞིན་ཡོད།

དེང་སྐབས་གནའ་བྲོ་འདི་དག་འཁྲབ་མཁན་ཕལ་ཆེར་མེད་པར་མ་ཟད། ན་གཞོན་ཕལ་མོ་ཆེས་ཕ་ཡུལ་དུ་འདི་ལྟ་བུའི་ལོ་རྒྱུས་ལྡན་པའི་གནའ་བྲོ་ཞིག་ཡོད་པའང་ཁྱོན་ནས་མི་ཤེས་པའི་གནས་སུ་གྱུར་པས། སྲུང་སྐྱོབ་དང་རྒྱུད་འཛིན་གྱི་དོན་སྙིང་ལྡན་པའི་ལས་འདི་མ་བསྐུལ་དང་དུ་བླངས་པ་ཡིན།

ལི་ཁོག་དབྱངས་ཟིལ་ལས་ཤག་གིས་དུས་ཚོད་ཟླ་བ་དྲུག་ལྷག་གི་རིང་ལ། གཟུགས་མེད་རིག་གནས་ཤུལ་བཞག་འདི་དག་དུས་དང་མཐུན་པར་རྒྱུད་འཛིན་བྱེད་པའི་ཆོད་སེམས་བརྟན་པོ་ཞིག་བཟུང་ནས། གླུ་མ་ཚེ་དབང་ལྷ་མོ་ལགས་ཀྱིས་ལས་གཞིའི་མགོ་མཇུག་བར་གསུམ་དུ་མཛུབ་སྟོན་དང་སྣེ་ཁྲིད་གང་ལེགས་གནང་ཞིང་། སྐོར་བྲོའི་རོལ་མོ་སྒྲིག་བཟོ་མཁན་གྲགས་ཅན་རྒན་གླིང་རྒྱལ་འཆི་མེད་ཚེ་རིང་ལགས་ཀྱིས་རོལ་མོ་གསར་སྒྲིག་གནང་། ས་གནས་རང་གི་ན་གཞོན་གཞས་པ་གཞས་མ་བརྒྱད་ཀྱིས་གླུ་བླངས། ཁྲེང་ཏུའུ་བྲོ་ར་ཁྲ་མོ་སྐོར་བྲོ་མཐུན་ཚོགས་ཀྱི་རྒན་གཡང་སྐྱིད་ལགས་ཀྱིས་སྟངས་སྟབས་ལེགས་སྒྲིག་བྱས་པར་བརྒྱུད། གདོད་མའི་ཚིག་དང་དབྱངས་སོར་བཞག་བྱས་པའི་སྟེང་དུ། རོལ་མོ་དང་གླུ་སྐད་ཀྱི་འགྱུར་ཁུགས་ལ་མྱུར་གཤིས་འོས་འཚམ་ལྡན་པར་བྱས་ཤིང་། སྔར་གྱི་སྟངས་སྟབས་གཞིར་བཞག་པའི་སྟེང་ལ་དེང་རབས་སྐོར་བྲོའི་གསོན་ཉམས་གསར་པ་བསྣན་ནས། དེང་དུས་ཀྱི་མི་རྣམས་ཀྱི་དགའ་ཁ་འཁྱེར་སོ་དང་མཐུན་པར། རྒན་དར་གཞོན་གསུམ་ཀུན་པོས་འཁྲབ་བདེ་བར་མ་ཟད། འགྱུར་ཁུགས་དང་སྟངས་སྟབས་ཀྱི་འཕྲོད་སྦྱོར་ལ་བརྟེན་ནས་གར་གྱི་ཉམས་ཕུན་སུམ་ཚོགས་པ་ཞིག་ཐོན་པར་བྱས་ཡོད།

ཡུལ་མི་རྒན་པ་ཚོས་བཤད་ན། ལུས་ལ་ཡུལ་གྱི་ཆ་ལུགས་གཙང་མ་སྤྲས་ནས་གནའ་བྲོ་འདི་འཁྲབ་ན། མི་ལ་བསོད་ནམས་འཕེལ་ཞིང་ཕྱུགས་ལ་གཡང་འཁོར་བའི་རྟེན་འབྲེལ་ཡོད་པར་བཤད་པས། ཆེད་དུ་གར་མཁན་སྐྱེས་པ་ཚོས་མགོ་ལ་ཕྱིང་ཞྭ་ཅ་ལ་མ་གྱོན་ཅིང་བུད་མེད་རྣམས་ཀྱིས་སྨད་ལ་ཚྭ་ལེབ་བཏགས་ནས་གནའ་བོའི་ཆ་ལུགས་ཇི་ལྟ་བུར་སྲུང་འཛིན་བྱེད་པར་གཞོལ་ཡོད།

སྐོར་བྲོ་འདི་ནི། དམངས་ཡོངས་ཀྱི་ལུས་སྦྱོང་དགོས་མཁོའི་རྣམ་གྲངས་སྔར་བས་ཕུན་སུམ་ཚོགས་པར་གཏོང་བ་དང་། ནུབ་ལ་ཉེ་བའི་རིག་གནས་ཤིག་གི་གཟི་འོད་སླར་ཡང་རྒྱས་པའི་སྨོན་འདུན་དང་བཅས་ཏེ་བསྒྲུབས་པ་ལགས་ན། ཀུན་གྱིས་ཚོགས་དང་སྟོན་མོ་སོགས་སྤྲོ་སྐྱིད་ཀྱི་མཛད་སྒོ་རྣམས་སུ་རྒྱུན་དུ་འཁྲབ་ཅིང་ཁྱབ་སྤེལ་གཏོང་བ་ནི་རེ་བ་ཉག་གཅིག་ཡིན་ནོ།། ( ཡོང་ཁུངས། ལི་ཁོག་དབྱངས་ཟིལ་ལས་ཤག།)