ད་ལོ་ནས་བཟུང་། རང་ཁུལ་གྱིས་དཔེ་སྟོན་གསར་འཛུགས་ཤུགས་ཆེན་གཏོང་བ་དང་། སྦག་མེད་གཤོ་སྒྱུར་མགྱོགས་སུ་གཏོང་བ། མ་ལག་བཅོས་སྐྱོང་ལ་ཤུགས་བརྒྱབ་པ་བརྒྱུད་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་བས་སྟོབས་ལྡན་དང་སྐྱེ་ཁམས་རྨང་གཞི་སྔར་བས་སྲ་བརྟན་དུ་ཕྱིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་གྱིས་ཞིང་ཆེན་ཡོངས་སུ་སྔོན་ལ་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་གསར་འཛུགས་འཆར་འགོད་བཟོ་འགོད་ལེགས་གྲུབ་བྱས་ཏེ། རིམ་རྩིས་བྱས་ནས་རྒྱལ་ཁབ་ཀྱི“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”རྟེན་གཞི3དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་རྫོང1དང་། ཞིང་ཆེན་རིམ་པའི་སྐྱེ་ཁམས་རྫོང8དང་། རྒྱལ་སྤྱིའི་འདམ་ར་གལ་ཆེན2བཅས་བསྐྲུན་ནས་གྲངས་འབོར་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད། རྒྱལ་རོང་རྒྱལ་མོ་རྔུལ་ཆུ(རོང་བྲག་དུམ་བུ)སོགས་ཞིང་ཆེན་རིམ་པའི་མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚེའུ་ཡི་དཔེ་མཚོན་དུ་བདམས་ཡོད། ཁུལ་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་དང་། ས་ངོས་ཆུ། འཐུང་ཆུའི་སྤུས་ཚད་ཚད་གཞི་བཅས་བསྟུད་མར་ལོ་བདུན་བརྒྱ་ཆ100ལ་སླེབས་ཡོད་པ་རེད།
དེ་དང་ཆབས་ཅིག། སྐྱེ་ཁམས་ཐོན་ཁུངས་ཀྱི་རིན་ཐང་བསྒྱུར་རྒྱུར་བསྐུལ་ཏེ། དུས་ཚིགས་གོང་མ་གསུམ་ལ་ཡུལ་སྐོར་བ་མི་ཐེངས་ཁྲི4000ལ་ཉེ་བར་སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར439.49མངོན་འགྱུར་བྱུང་བ་དེ“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”མཇུག་དང་བསྡུར་ན་སོ་སོར་བརྒྱ་ཆ93ཡན་འཕར་ཡོད། ནུས་ཁུངས་གཙང་མའི་འཕྲུལ་ཤོང་གློག་སྟོང་ཝད་ཁྲི2161ཟིན་པ་དང་། 2025ལོར་དྲར་ཞུགས་གློག་གཙང་མ་ཏུའུ་དུང་ཕྱུར641ལ་ཟིན་པ་དེ་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི5450འབུད་གཏོང་བསྙུང་བ་དང་ཧ་ལམ་མཚུངས། “ཐོན་རྫས་གསུམ་དང་ས་གཤིས་མཚོན་རྟགས་གཅིག”གི་ཞིང་ལས་ཐོན་རྫས373ལ་ཟིན་པ་དང་། སྐྱེ་ལྡན་ཐོན་རྫས་ཀྱི་ཐོན་རྫས་རིན་ཐང་སྔོན་དཔག་བྱས་ན་སྒོར་དུང་ཕྱུར17.85ཡིན་པ་དེ2022ལོ་ལས་བརྒྱ་ཆ382.4འཕར་ཡོད།
རང་ཁུལ་གྱིས་རི་ཆུ་ནགས་ཚལ། ཞིང་། མཚེའུ། རྩྭ། བྱེ་མ་བཅས་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་གཅིག་གྱུར་གྱིས་བསྐུལ་ཏེ། 2025ལོར་ནགས་བཟོ་མུའུ་ཁྲི48.52དང་བྱེ་འགོག་བཅོས་སྐྱོང་མུའུ་ཁྲི35.38བཅས་ལེགས་འགྲུབ་བྱུང་བ་དང་། རྩྭ་ཐང་ཉམས་ཞན་མུའུ་ཁྲི141.59བཅོས་སྐྱོང་བྱས་ཡོད། ནགས་ཚལ་གསོག་ཚད་ཤོ་སྨི་དུང་ཕྱུར4.89ལ་ཟིན་པ་དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཚད་བརྒྱ་ཆ85.43དུ་བརྟན་པོར་གནས་ཡོད། རོང་བྲག་སོགས་རྫོང་ཁག་གསུམ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཕན་འབྲས་དཔྱད་དཔོག་ཚོད་ལྟའི་གྲས་སུ་ཚུད་པ་དང་། དར་མདོ་རྒྱལ་ཡོངས་གྲོང་སྡེའི་ནུས་ཁུངས་བསྒྱུར་བཅོས་ཚོད་ལྟའི་གྲོང་ཁྱེར་དུ་བདམས་པ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
