国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔལ་ཡུལ་རྫོང་གིས་ཞིང་འཕྲུལ་གྲོང་སྡེར་བསྐྱལ་ནས་བ་ཡག་གྲོང་སྡེར་དར་རྒྱས་ཀྱི་སྒུལ་ཤུགས་བསྩལ།

ཉེ་ཆར། དཔལ་ཡུལ་རྫོང་ཞིང་འབྲོག་ཅུས་ཀྱིས་རྫོང་དེའི་འཛིང་ཁོག་ཡུལ་ཤོག་བ་ཡག་གྲོང་སྡེར་ཞིང་འཕྲུལ་གཏོང་སྤྲོད་ཀྱི་གཅིག་སྡུད་བྱེད་སྒོ་སྤེལ། ད་ཐེངས་ཀྱི་བྱེད་སྒོ་ནི་མང་ཚོགས་ཀྱི་དགོས་མཁོ་དང་མཐུན་པས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མགྲིན་གཅིག་ཏུ་གདེང་འཇོག་ཡག་པོ་བྱས་པ་རེད།

གནད་འཁེལ་ཞིབ་དཔྱད་དང་དགོས་མཁོ་ལྟར་བཀོད་སྒྲིག་བྱས་ནས་རོགས་སྐྱོར་གྱི་ཕན་འབྲས་དངོས་ལ་འགན་ལེན་བྱས། གཏོང་སྤྲོད་ཞིང་འཕྲུལ་དག་བ་ཡག་གྲོང་སྡེའི་ཞིང་འབྲོག་པའི་ཐོན་སྐྱེད་དགོས་མཁོ་དང་འཚམ་པར་འགན་ལེན་བྱ་ཆེད། གྲོང་སྡེའི་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་སྡེའི་ཨུ་ལྷན་གཉིས་དང་། ཞིང་འབྲོག་པའི་འཐུས་མི་དང་གྲོས་བསྡུར་སྤེལ་རེས་ཐེངས་མང་བྱས་ནས་ཐོན་སྐྱེད་ཁྲོད་ཀྱི་དཀའ་ངལ་དང་དགོས་མཁོ་རྒྱུས་ལོན་ཞིབ་ཕྲ་བྱས་ཤིང་། གནད་ལ་འཁེལ་བའི་ཞིབ་དཔྱད་དང་ཚན་རིག་དང་མཐུན་པའི་ཞིབ་འཇུག་བརྡར་གཅོད་བྱས་མཐར་རྨོ་ཞིང་འཕྲུལ་འཁོར་དང་། བརྔ་སྡུད་འཕྲུལ་འཁོར། གཟན་ཆག་ཞིབ་འཐག་འཕྲུལ་འཁོར་སོགས་དངོས་སྤྱོད་ཞིང་འཕྲུལ་ཆུང་འབྲིང་གཙོ་བོར་བྱས་པའི་གཏོང་སྤྲོད་རྩིས་ཐོ་གཏན་ལ་ཕབ་པ་དང་། ཁྱོན་ཞིང་འཕྲུལ་འཁོར་རིགས་ཁག3སྤྲད་པར་སྒོར་ཁྲི100ལྷག་བཏང་ཡོད། ཞིང་འཕྲུལ་དེ་དག་བཀོལ་སྤྱོད་སྟབས་བདེ་དང་། བཀོལ་སྤྱོད་རང་བཞིན་ཆེ་བ། སྲུང་སྐྱོང་མ་གནས་དམའ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། ས་གནས་དེ་གའི་མང་ཚོགས་ཀྱི་རྨོ་བསྡུ་སོགས་ངལ་རྩོལ་ནུས་ཤུགས་མི་འདང་བའི་གནད་དོན་ཐག་གཅོད་བྱ་ཐུབ།

གཅིག་བསྡུས་གཏོང་སྤྲོད་དང་ཡུལ་དངོས་གསོ་སྦྱོང་བྱས་ཏེ་བེད་སྤྱོད་རྩལ་ནུས་ཆེ་རུ་བཏང་ཞིང་། གཏོང་སྤྲོད་མཛད་སྒོ་དེ་བ་ཡག་གྲོང་སྡེའི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་སུ་སྤེལ་ཏེ། རྫོང་ཞིང་འབྲོག་ཅུས་ཀྱི་འཐུས་མི་དང་། འཛིང་ཁོག་ཡུལ་ཤོག་གི་ལས་བྱེད་པ། དེ་བཞིན་བ་ཡག་གྲོང་སྡེའི་ཡུལ་མི་ཡོངས་བྱེད་སྒོར་ཞུགས། ལས་དོན་མི་སྣས་ཞིང་འཕྲུལ་ལེན་མཁན་རེ་རེའི་ཆ་འཕྲིན་ཞིབ་བསྡུར་བྱས་པ་དང་། ཞིང་འཕྲུལ་དག་གོ་རིམ་ལྡན་པའི་སྒོ་ནས་སྤྲད་པར་མ་ཟད། ལག་རྩལ་མི་སྣས་ཡུལ་མིར་ཞིང་འཕྲུལ་འདྲ་མིན་གྱི་བཀོལ་སྤྱོད་བྱེད་ཐབས་ལ་འགྲེལ་བཤད་བྱས་པ་དང་། ལག་ལེན་དངོས་ལ་མཛུབ་ཁྲིད་བྱས་ཏེ་ཡུལ་མི་ཚང་མས་ཞིང་འཕྲུལ་བེད་སྤྱོད་ཡག་པོ་བྱེད་ཐུབ་པའི་འགན་ལེན་བྱས། ཡུལ་མི་ཚོས་ཞིང་འཕྲུལ་དེ་དག་ནི་དུས་ཐོག་ཆར་པ་ནང་བཞིན་ང་ཚོའི་ངལ་རྩོལ་ཁུར་པོ་ཡང་དུ་གཏོང་བ་དང་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་གཏོང་ཐུབ་བྱུང་ཞེས་བཤད།།

ད་ཐེངས་རྫོང་ཞིང་འབྲོག་ཅུས་ཀྱིས་བ་ཡག་གྲོང་སྡེར་ཞིང་འཕྲུལ་སྤྲད་ནས་རྨོ་བསྡུའི་ངལ་རྩོལ་ནུས་ཤུགས་མི་འདང་བའི་གནད་དོན་ཐག་བཅད་དེ་ངལ་རྩོལ་ཁུར་པོ་ཇེ་ཡང་དུ་བཏང་བ་དང་ཐོན་སྐྱེད་ལས་ཆོད་ཆེ་རུ་ཕྱིན་ཡོད། ཕྱིན་ཆད་གྲོང་སྡེས་ཞིང་འཕྲུལ་བེད་སྤྱོད་བྱ་ཚུལ་ལ་མུ་མཐུད་དོ་ཁུར་བྱ་རྒྱུ་སྟེ་ལག་རྩལ་སྟོབས་ཤུགས་འབྲེལ་མཐུད་ཧུར་ཐག་བྱས་ནས་དུས་བཀག་སྐོར་སྐྱོད་མཛུབ་ཁྲིད་དང་ཉམས་གསོ་ཞབས་ཞུ་སྒྲིག་འཛུགས་བྱས་ཏེ་ཡུལ་མིར་བེད་སྤྱོད་ཁྲོད་འཕྲད་པའི་དཀའ་གནད་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། དུས་མཉམ་དུ་གྲོང་སྡེ་དེ་དང་མཐའ་འཁོར་ས་ཁོངས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་ཁྱད་ཆོས་ཟུང་དུ་འབྲེལ་ནས་འབྲེལ་ཡོད་སྡེ་ཚན་དང་གཞོགས་འདེགས་འོས་འཚམ་གྱིས་ཞིང་འཕྲུལ་སྔར་བས་ཁྱབ་གདལ་བཏང་སྟེ། ཞིང་འཕྲུལ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བར་རམ་འདེགས་དང་།ཡུལ་མིའི་ཡོང་འབབ་དང་ཐོན་ལས་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དང་ཡུལ་སྡེ་དར་རྒྱས་ཡོང་བར་སྐུལ་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་པ་རེད།།

( ཀུན་དགས་བསྒྱུར།)