མཚར་སྡུག་གོས་ནི་ཆར་པས་བརླན། །
ལང་ཚོའི་གཟུགས་ཀྱང་མར་ལ་གུད། །
དུས་ཚོད་བར་སྟོང་རེ་རེའི་ཀློང་། །
སྒྱུ་འཕྲུལ་ཚོན་གྱིས་སེམས་པ་བཀབ། །
ཐོལ་བྱུང་ཆགས་སེམས་རེ་རེ་ཡིས། །
གཞུག་མའི་དོན་གྱི་སྙིང་པོ་བརླག །
སྟོང་པའི་ལག་ཟུང་སྙིམ་པའི་ནང་། །
མ་ངེས་རྡུལ་གྱི་ཆར་འབྲུ་འཐོར། །
གདོས་བཅས་སྒྱུ་ལུས་ཕུང་པོ་ལ། །
གཅེས་ཤིང་ཞེན་པའི་འཁྲུལ་སྣང་གིས། །
འཇིག་རྟེན་ལྕགས་ཀྱི་གཟེབ་དྲྭ་རུ། །
ཚུད་པའི་ལས་འདི་གཡོལ་བ་མེད། །
འོད་ཀྱི་ཉག་མ་ས་ལ་འཐིམ། །
རྡུལ་གྱི་རླབས་ནི་མཁའ་རུ་ཡལ། །
ཁེར་རྐྱང་ནགས་ཀྱི་གཞིས་ཀ་རུ། །
སྐྱོ་བའི་སྨག་གི་ཡོལ་བ་འཁྲིགས། །
འཚོ་བའི་མངར་ཁུ་བཏུང་བའི་མཐར། །
བྲོ་བའི་རླབས་ནི་རྒྱང་དུ་ཡལ། །
སྐོར་ལོག་འཇིག་རྟེན་ཆགས་ཚུལ་ལ། །
སྙིང་ནས་སུན་པ་སྐྱེས་བྱུང་ངོ། །
འགྲེང་བའི་སྙིང་ཆུང་བདོག་མོད་ཀྱང་། །
སྒྱིད་ལུག་སྲོལ་གྱི་རྒྱུན་ཐག་གིས། །
ཁ་ལག་གྲང་བའི་བར་ཁྱམས་སུ། །
བསྡམས་པས་ཅི་བྱ་གཏོལ་དང་བྲལ། །
རླུང་བུ་ཉིན་དང་མཚན་ལ་ལྡང་། །
ཀུན་རྟོག་སེམས་འགྱུ་དེ་དང་བསྡེབས། །
ཨ་ཙི་འཁོར་བའི་སྤྱིལ་ཆུང་དུ། །
སྤྲོས་བཅས་ཡིད་འདི་ཤོང་བ་དཀའ། །
༼ འཇོ་མདའ་པདྨ། ༽
