རིག་ཚན་གཅིག་གིས་གཞུང་ལུགས་ཅི་འདྲ་ཞིག་བཀོལ་སྤྱོད་བྱས་ནའང་། ཚང་མས་དོན་དངོས་ཚུར་སྣང་བྱེད་པར་རེ་སྙེག་བྱེད་བཞིན་ཡོད། འདི་ཡང་ང་ཚོས་གླེང་བཞིན་པའི“བདེན་འཚོལ”ཞེས་པ་དེ་ཡིན། མིའི་རིགས་དང་བྱ་དངོས་སྐྲུན་པའི་མིའི་རིགས་རིག་པར་ཞིབ་འཇུག་བྱེད་པ་ནི་མིའི་རིགས་ལ་མཚོན་ན། མིའི་རིགས་ཀྱི“དོན་དངོས”ནི་ཅི་ཞིག་ཡིན་ཞེས་པའི་གནད་དོན་འདི་ཡིན་པས། དེར་དོ་སྣང་ཆེན་པོ་བྱེད་པ་ནི་སྨོས་མ་དགོས་པ་རེད། དེང་རབས་ཀྱི་རིག་ཚན་འདིའི་ཁྲོད་དུ། རང་བྱུང་རིག་ཚན་ལས་བསྲིངས་པའི་དཔྱད་བརྗོད་ཧ་ཅང་མང་ཞིང་། མིའི་རིགས་རིག་པ་བས་དེ་སྔ་དངོས་ལུགས་རིག་པ་བའི་འགྲེལ་བཤད་ཀྱི་རྣམ་པ་ལ་བརྟེན་ནས་སྤྱི་ཚོགས་གྲུབ་ཚུལ་ལ་བལྟས་མྱོང་ལ། སྐྱེ་དངོས་རིག་པའི་འགྲེལ་བཤད་ཀྱི་རྣམ་པར་བརྟེན་ནས་མིའི་གཟུགས་པོ་དང་སྤྱི་ཚོགས་སྐྱེ་ལྡན་ཕུང་པོའི་འཚར་ལོངས་ལོ་རྒྱུས་རིགས་སྒྲུབ་བྱས་ཡོད། འོན་ཀྱང་། དོན་དངོས་སུ་མིའི་འབྲེལ་འདྲིས་ཇི་ལྟར་ཟབ་པ་དང་། ཇི་ལྟར་དམ་པོ་ཡིན་པ་ནི། མིའི་རིགས་རིག་པ་བས་བྱ་དངོས་ལ་ཞིབ་འཇུག་བྱེད་པའི་གོ་རིམ་ཁྲོད་དུ་བཙོ་སྦྱངས་བྱས་ནས་ཐོན་པའི་ཤེས་རྟོག་སྨྲ་བའི་རྣམ་པར་ཡིད་རྟོན་ཇེ་ཤོར་ནས་ཇེ་ཤོར་དུ་གྱུར་འགྲོ་བ་རེད། མིའི་རིགས་རིག་པས་ཞིབ་འཇུག་བྱེད་པ་ནི་མི་ཡིན་ལ། ཁོ་ཚོར་མི་གཞན་གྱི“དོན་དངོས”ལ་སྡོམ་ཚིག་འགོད་པར་ཐོབ་ཐང་ཅི་ཞིག་ཡོད་དམ། ཆེད་མཁས་མི་སྣའི་རིམ་པ་ནས་བལྟས་ན། གནད་དོན་འདིར་མི་ཚང་མ་འདྲ་མཉམ་གྱི་མི་ཆོས་ལྟ་བས་མིའི་རིགས་རིག་པའི་ཁྲོད་དུ་བརྩི་བཀུར་ཇི་ལྟར་ཐོབ་པའི་གནད་དོན་དང་འབྲེལ་ཡོད་པ་རེད། རིག་གཞུང་གི་རིག་གནས་སྲོལ་རྒྱུན་རིམ་པ་ནས་བལྟས་ན། གནད་དོན་འདི་ནི་ཞིབ་འཇུག་པ་གནས་པའི་རིག་གནས་སྲོལ་རྒྱུན་གྱིས་མི་གཤིས་སྨྲ་བའི་གནད་དོན་རིགས་སྒྲུབ་བྱ་ཐུབ་མིན་དེ་རེད།
ང་ཚོའི་དུས་རབས་འདིར། ནུབ་ཕྱོགས་ཀྱི་མི་གཤིས་སྨྲ་བས་སྤྱི་ཚོགས་ཚན་རིག་ཚད་ལྡན་རིག་ཚན་གྱི་ཁྱབ་གདལ་བརྒྱུད་ནས་ང་ཚོས་རང་ཉིད་ཀྱི་ལྟ་བར་ཤུགས་རྐྱེན་གཏིང་ཟབ་བྱས་ཡོད། དེ་བས། མིང་དུ་གྲགས་པའི་མིའི་རིགས་རིག་པ་བ་ས་ལིན་སི་ཡིས་ཉེ་ཆར་བརྩམས་པའི་དཔྱད་རྩོམ་རིང་མོའི་ནང་དུ། མིའི་རིགས་རིག་པ་བས་ནུབ་ཕྱོགས་མི་གཤིས་སྨྲ་བར“ཞིབ་བཤེར་ར་སྤྲོད་རིག་པའི་གསལ་སྟོན”ལ་འབོད་སྐུལ་བཏང་ཡོད། འདིས་སྔོན་ལ་མིའི་རིགས་རིག་པའི་ཁྲོད་དུ། ཕྱིར་རྟོག་སྒོས་ནུབ་ཕྱོགས་མི་གཤིས་སྨྲ་བའི་བྱེད་ཐབས་མེད་པ་མ་ཡིན་པ་རེད། འོན་ཀྱང་། མི་རིགས་རིག་པ་སྨྲ་བ་མང་པོས་ས་ལིན་སི་དང་འདྲ་བར། ཉེ་རབས་དཔལ་ཡོན་གྱི་འཇིག་རྟེན་འཕེལ་རིམ་ཁྲོད་དུ་སེམས་ཆུང་གི་རྣམ་འགྱུར་བཟུང་ཡོད། ཡུན་རིང་གི་རིག་གནས་བརྒལ་བའི་ཡུལ་སྐོར་འགྲུལ་བཞུད་ཁྲོད། མིའི་རིགས་རིག་པ་བས་དུས་རྒྱུས་དུ་ཚང་མས་རིམ་བཞིན་དུ་བརྗེད་ཟིན་པའི་གནད་དོན་ལ་ཕྱིར་ལྟ་དང་བསམ་གཞིགས་བྱས་པ་རེད། མི་ཚེ་འཚོ་བའི་སྤྱི་ཚོགས་ཁྲོད་དུ། ནམ་ཞིག་གི་དུས་སུ“བདེན་པའི”བྱ་དངོས་དེ་དོན་དངོས་སུ་མི་རྣམས་དང་གྱེས་ཏེ། དགེ་དང་མཛེས་པར་རེ་སྙེག་བྱེད་པ་ཡིན་ནམ། དོན་དངོས་སུ་བདེན་དང་དགེ་བར་གྱེས་པའི་སྐབས་སུ། ང་ཚོ་མིའི་རིགས་ནི་མིས་དྲན་འཆར་དང་འདྲ་བར་རང་དབང་རྒྱལ་བོའི་རྒྱལ་ཁབ་ཏུ་སླེབས་པ་མ་ཡིན་པ་རེད། གལ་ཏེ། “དོན་དངོས”རྐྱང་བའི་རེ་སྙེག་ནི་བློ་འབྱེད་འགུལ་སྐྱོད་བྱས་པའི་ཚུན་གྱི་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ཁྲོད་དུ་ཡོངས་ཁྱབ་ཅན་གྱི་ནུབ་ཕྱོགས་རྣམ་པའི་དད་མོས་ཀྱི་ཆ་ནས་བཤད་ན། དེ་ནི། མིའི་རིགས་རིག་པ་བས་བསྟན་པའི“བདེན་པ”རྐྱང་པ་དེ་སྤྱི་ཚོགས་ཀྱི་དགེ་བ་དང་མཛེས་པ་བར་གྱི་འབྲེལ་བ་ཡིན། རྒྱུ་མཚན་ནི་རྒྱུན་ལྡན་མིན་པའི་སྤྱི་ཚོགས་ཁྲོད་དུ་ད་གཟོད་བྱ་དངོས་རིགས་འདི་གསུམ་སོ་སོར་གྱེས་པ་ཡིན།
“བདེན་དགེ་མཛེས”གསུམ་གྱི་གནས་གསུམ་གཞི་གཅིག་གླེང་བ་ནི། ང་ཚོས་ཀུན་སྤྱོད་དང་སྒྱུ་རྩལ་གྱི་རིག་གཞུང་གི་ཚབ་བྱེད་པ་རེད་ཟེར་བ་དང་མི་འདྲ་ཞིང་། དེ་ནི་རིག་གནས་མ་ལག་མི་འདྲ་བའི་ཁྲོད་དུ། བདེན་པ་དང་། དགེ་བ། མཛེས་པ་བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་ལ་བརྟེན་ནས་གྲུབ་པའི་འགྲེལ་བཤད་མི་འདྲ་བ་རྣམ་པ་ལ་སྟོན་པ་ཡིན། མིའི་རིགས་རིག་པ་བས“བདེན་པ”ལ་དགེ་བ་དང་མཛེས་པ་ཐག་གཅོད་ཇི་ལྟར་བྱེད་པ་ཡིན་ནམ་ཞེ་ན། སྤྱི་ཚོགས་ཁྲོད་ཀྱི་ཀུན་སྤྱོད་མི་ཆོས་མ་ལག་དང་རིག་གནས་གསར་སྐྲུན་མ་ལག་གིས་དོན་དངོས་ཀྱི་དོན་དངོས་བརྗེད་པ་རེད། “བདེན་པའི”རེ་སྙེག་ལ་མཚོན་ན། ཡིའུ་ཐའེ་ཡིས་ཡེ་ཤུ་ཆོས་ལུགས་ཀྱི“ངན་པའི”མི་གཤིས་སྨྲ་བ་དང་སོ་སོར་དགར་དཀའ་བ་རེད། “དགེ་བ”དང“མཛེས་པ”རྐྱང་པར་སྙེག་པ་ནི་ང་ཚོས་སྤྱི་ཚོགས་ཁྲོད་ཀྱི་ཀུན་སྤྱོད་མི་ཆོས་མ་ལག་དང་རིག་གནས་གསར་སྐྲུན་མ་ལག་བརྗེད་དུ་བཅུག་པ་དང་འདྲ་བར། ང་ཚོས་ཤེས་རྟོགས་བྱ་རིན་ཡོད་པའི་དོན་དངོས་གབ་ཡོད་ཅིང་། ཁོ་ཚོ་ནི་མིའི་བྱ་དངོས་བསྐྲུན་པ་ཡིན་ཏེ། འཇིག་རྟེན་ནི་ང་ཚོ་གནས་པ་ལས་སྔ་བ་རེད། མིའི་རིགས་ལོ་རྒྱུས་ཀྱི་ལོ་ངོ་བརྒྱ་ཕྲག་མང་པོའི་ནང་མེས་པོ་དག་གི་ང་ཚོར་བསྐྱུར་བའི་ལན་ལྡོན་པའི་གནད་དོན་ལ་ཇི་ལྟར་གདོང་གཏོད་པ་ཡིན་ནམ། ཕུལ་དུ་བྱུང་བའི་མིའི་རིགས་རིག་པ་བས་ཁོ་ཚོའི་ཉམས་མྱོང་རྣམ་པའི་གོ་བའི་ཁྲོད་གཏིང་ཟབ་པའི་བསླབ་བྱ་འཚོལ་བཞིན་ཡོད། རིག་གནས་ཀྱི་བར་ཁྱད་ཀྱིས་དཔལ་ཡོན་གྱི་འགལ་བ་བཟོ་སྲིད་མོད། འོན་ཀྱང་། “མཐུན་ཡང་མི་འདྲ་བའི”རིག་གནས་ལྟ་བ་ལ་བརྟེན་ནས་ང་ཚོའི་མི་ལུས་ལ་ལྟ་ཞིབ་བྱེད་པ་ནི། མིའི“དོན་དངོས”དང་ཉེ་བར་བཅར་བར་ངེས་པར་བརྒྱུད་དགོས་པའི་བགྲོད་ལམ་ཡིན། གལ་ཏེ། འདི་ལྟར་མིའི་རིགས་རིག་པར་རྒྱུས་ལོན་བྱེད་ཐུབ་ན། དེ་ནི། ང་ཚོས་མིའི་རིགས་རིག་པ་ནི་ཅི་ཞིག་ཡིན་ཞེས་པའི་གནད་དོན་ལ་འོས་འཚམ་གྱི་རྒྱུས་ལོན་ཞིག་བྱས་ཡོད།
མིའི་རིགས་རིག་པ་བས་ཞིབ་འཇུག་བྱེད་པ་ནི་མི་ཡིན་ཞིང་། ཁོ་ཚོས་དུས་མཚུངས་སུ། དོ་ཁུར་བྱེད་པ་ནི་ཞིབ་འཇུག་བྱ་ཡུལ་གྱི་མི་དང་ཐུན་མོང་མ་ཡིན་པའི་མི་གཤིས་ཡོད་པའི་མི་ཡིན། འདི་ལྟ་བུའི་ཤེས་བྱས་དུས་མཚུངས་སུ་གནས་ཚུལ་ངོ་མའི་གསལ་སྟོན་དང་། བདེན་དོན་རྒྱུན་བསྲིངས། གསར་སྐྲུན་མཚོན་ཚུལ་ཇི་ལྟར་བྱེད་ཐུབ་བམ། འདི་ནི་དུས་རབས་མང་པོའི་རིང་མིའི་རིགས་རིག་པ་བས་དཔྱད་བསྡུར་བྱས་པའི་གནད་དོན་གཙོ་བོ་ཞིག་རེད། དུས་ཡུན་ཐུང་ཐུང་ཞིག་མ་ཡིན་པའི་དུས་སྐབས་འདིར་མིའི་རིགས་རིག་པ་བས་ཁོ་ཚོས་རེ་ཞིག་མངོན་དུ་འགྱུར་མེད་པའི་རེ་འདུན་སྐོང་ཐུབ་པའི་ཐབས་ཤེས་ཤིག་རྙེད་པར་འདོད་དེ། ཁོ་ཚོས་བསམ་བློ་གཏིང་ཟབ་པོ་བཏང་པའི་ནང་། རིག་གནས་ཀྱི་བྲོ་བ་མི་འདྲ་བའི་ཐོག་ནས་མིའི་རྣམ་པར་གསལ་བཤད་བྱས་པ་རེད། ང་ཚོས་བསམ་གཞིགས་དེ་རིགས་ལ“རིག་གནས་མིའི་རིགས་རིག་པ”དང་། “སྤྱི་ཚོགས་མིའི་རིགས་རིག་པ”འམ་ཡང་ན“སྤྱི་ཚོགས་རིག་གནས་མིའི་རིགས་རིག་པ”ཞེས་འབོད་པར་མ་ཟད། ཤེས་བྱ་དེ་རིགས་ནི་མིའི་རིགས་རིག་པའི་ནང་དོན་གཙོ་བོ་ཡིན་པར་ངོས་འཛིན་ཡང་བྱེད་བཞིན་ཡོད་དོ།།
༼ ཝང་མེན་མེན་གྱིས་བརྩམས།
དཀར་ལུང་དབང་དྲག་རྡོ་རྗེས་བསྒྱུར།༽
