སྤྱི་ལོ2025ལོའི་ཟླ12པའི་ཚེས22ཉིན་གྱི་ཕྱི་དྲོར། སི་ཁྲོན་གྱི་ཡིད་དུ་འོང་བའི་རང་བྱུང་ཁམས་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱིས་གཙོ་དོན་བྱས་པའི་སི་ཁྲོན་རྩོམ་རིག་བྱ་དགའ་སྐབས་བཅུ་གཅིག་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ། སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲོང་ཁྱེར་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་སུ་སྤེལ་བ་རེད།
ཐེངས་འདིའི་རྩོམ་རིག་བྱ་དགའི་ཁྲོད་དུ་སྒྲུང་རིང་བྱ་དགའ་དང་། སྒྲུང་ཐུང་སྒྲུང་འབྲིང་བྱ་དགའ། ལྷུག་རྩོམ་བྱ་དགའ། སྙན་ངག་བྱ་དགའ། སྙན་ཞུའི་རྩོམ་རིག་བྱ་དགའ། བྱིས་པའི་རྩོམ་རིག་བྱ་དགའ། དྲ་བའི་རྩོམ་རིག་བྱ་དགའ། རྩོམ་རིག་གཞུང་ལུགས་དཔྱད་གཏམ་བྱ་དགའ། གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བརྩམས་ཆོས་བྱ་དགའ་སོགས་རིགས་ཆེན་པོ་དགུའི་བྱ་དགའ་ཡོངས་བསྒྲགས་བྱས་པ་དང་། ཁྱོན་བསྡོམས་རྩོམ་པ་པོ32ཀྱི་བརྩམས་ཆོས་ལ་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།
མཛད་སྒོར་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨ་ལེ། 《མི་དམངས་རྩོམ་རིག》དུས་དེབ་ཀྱི་གཙོ་སྒྲིག་པ་ཟུར་པ་ཧྲི་ཀྲན་ཅུན་སོགས་རྩོམ་རིག་ལས་རིགས་ཀྱི་མི་སྣ་ཡུལ་དངོས་སུ་ཕེབས་ནས་བྱ་དགའ་ཐོབ་མཁན་རྩོམ་པ་པོ་རྣམས་ལ་བྱ་དགའ་སྤྲད་པ་རེད།
སི་ཁྲོན་རྩོམ་རིག་བྱ་དགའ་ནི་སི་ཁྲོན་ཞིང་ཆེན་རྩོམ་རིག་མཐུན་ཚོགས་ཀྱིས་གཙོ་གཉེར་བྱེད་བཞིན་ཡོད་པའི་སི་ཁྲོན་ཞིང་ཆེན་ཡོངས་ལ་གདན་ཐོབ་ཆེས་མཐོ་ཤོས་དང་མཚན་སྙན་གྲགས་ཆེ་ཤོས་ཀྱི་ཞིང་ཆེན་རིམ་པའི་རྩོམ་རིག་བྱ་དགའ་དེ་ཡིན་ལ། བྱ་དགའ་དེའི་དམིགས་ཡུལ་ནི་སི་ཁྲོན་ཞིང་ཆེན་ནང་ཁུལ་གྱི་རྩོམ་རིག་གསར་རྩོམ་གྱི་ཕུལ་བྱུང་གྲུབ་འབྲས་ལ་གཟེངས་བསྟོད་བྱས་ནས་བྱ་དགའ་སྤྲད་རྒྱུ་དང་། དཔྱད་འདེམས་ཁྱབ་ཁོངས་སུ་བརྩམས་སྒྲུང་དང་སྙན་རྩོམ། ལྷུག་རྩོམ་སོགས་རྩོམ་རིག་གི་རྣམ་གྲངས་མང་པོ་ཚུད་པའི་ཞིང་ཆེན་ཡོངས་ཀྱི་ཕུལ་དུ་བྱུང་བའི་རྩོམ་པ་པོ་མང་པོས་དུས་རབས་ཀྱི་སྙིང་སྟོབས་མཚོན་པའི་བརྩམས་ཆོས་ཕུལ་བྱུང་མང་པོ་གསར་རྩོམ་བྱེད་པར་སྐུལ་མ་གཏང་རྒྱུ་དེ་ཡིན་པ་རེད། ལོ་གསུམ་རེར་དཔྱད་འདེམས་ཐེངས་རེ་བྱས་ནས་སི་ཁྲོན་ཞིང་ཆེན་ཡོངས་ཀྱི་རྩོམ་རིག་གསར་རྩོམ་གྱི་ཕུལ་དུ་བྱུང་བའི་གྲུབ་འབྲས་གཅིག་བསྡུས་ངང་འགྲེམ་སྟོན་ཐེངས་རེ་བྱེད་བཞིན་ཡོད་པ་རེད།
ད་ཐེངས་སི་ཁྲོན་རྩོམ་རིག་བྱ་དགའ་སྐབས་བཅུ་གཅིག་པར་དཀར་མཛེས་ཁུལ་གྱི་རྩོམ་པ་པོ་དབལ་ཤུལ་ཕུན་ཚོགས་ལགས་ཀྱི《རྒྱ་མཚོར་བལྟ་རུ་འགྲོ》ལ་སྒྲུང་ཐུང་སྒྲུང་འབྲིང་གི་བྱ་དགའ་ཐོབ་པ་དང་། གཡང་མཚོའི《ཨོ་གྲོང་དུ་རླུང་བུ་ལྡང》ལ་གྲངས་ཉུང་མི་རིགས་རྩོམ་རིག་བརྩམས་ཆོས་བྱ་དགའ་ཐོབ་པ་རེད། ཁོང་གཉིས་ནི་ཐེངས་འདིའི་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་རང་ཁུལ་གྱི་རྩོམ་པ་པོ་གཉིས་དེ་ཡིན་པ་རེད།
དབལ་ཤུལ་ཕུན་ཚོགས།པིར་མིང་ལ་དབལ་ཤུལ་ཟེར། སྤྱི་ལོ1972ལོར་ཁམས་ཕྱག་ཕྲེང་རྫོང་དུ་སྐྱེས། ཀྲུང་གུང་ཏང་མི་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན། ཆུང་ནས་སློབ་གྲྭར་འགྲིམ་ནས་སྤྱི་ལོ1989ལོར་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་ནས་སློབ་ཐོན་བྱུང་རྗེས་བྱ་བའི་ལས་རྐང་དུ་ཞུགས། སྔ་རྗེས་སུ་ཕྱག་ཕྲེང་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་དང་། ཁུལ་རིག་གནས་ཡུལ་སྐོར་ཅུས་ཁྲོམ་རའི་མགོ་གཙོ། དུང་དཀར་ལུང་པ་ལྗོངས་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུ་ཧྲུའུ་ཅི་དང་མགོ་གཙོ་བཅས་ཀྱི་འགན་ཁུར་མྱོང་ལ། ད་ལྟ་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པའི་འགན་འཁུར་བཞིན་ཡོད། སྤྱི་ལོ1993ལོ་ནས་གསར་རྩོམ་ལ་ཞུགས་ནས་བརྩམས་ཆོས་འགྲེམ་སྤེལ་བྱེད་འགོ་བཙུགས་ཤིང་། པ་ཅིང་རིག་གནས་སློབ་གླིང2012ལོའི་ལོ་འཁོར་གྱི་ཆིངས་འགོད་རྩོམ་པ་པོ་རུ་གྱུར། སྔ་ཕྱིར་སྒྲུང་ཐུང་སྒྲུང་འབྲིང་ཕྱོགས་བསྒྲིགས《ཕྱག་ཕྲེང》དང་། 《ཡིད་ཆད་པའི་དྲན་ཤེས》《རྒྱ་མཚོར་བལྟ་རུ་འགྲོ》དང་། གཞན་དང་མཉམ་དུ་བྲིས་པའི《གངས་རིའི་བུ་ཕྲུག་པི་ཧྲི་ཞང》སོགས་ཀྱི་བརྩམས་ཆོས་དག《མི་རིགས་རྩོམ་རིག》དང《བོད་ལྗོངས་རྩོམ་རིག》《སི་ཁྲོན་རྩོམ་རིག》སོགས་སུ་བཀོད། 《ཕྱག་ཕྲེང》ལ་སི་ཁྲོན་ཞིང་ཆེན་སྐབས་བརྒྱད་པའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ་པ་དང་། 《གངས་རིའི་བུ་ཕྲུག་པི་ཧྲི་ཞང》ལ2015ལོའི་སི་ཁྲོན་གྱི“གཅིག་ཅན་ལྔ་ལས་གྲྭ”ཡི་བྱ་དགའ་ཐོབ། ཐེངས་འདིར《རྒྱ་མཚོར་བལྟ་རུ་འགྲོ》ལ་སི་ཁྲོན་རྩོམ་རིག་བྱ་དགའ་སྐབས་བཅུ་གཅིག་པའི་ཁྲོད་ཀྱི་སྒྲུང་ཐུང་འབྲིང་གི་བྱ་དགའ་ཐོབ་པ་བཅས་སོ།།
ཁམས་ཀྱི་ས་ཆེན་རྒྱབ་ལྗོངས་བྱས་ཏེ་རི་ལུང་དང་གཙང་པོའི་བར་ནས་འཚར་ལོངས་བྱུང་ཞིང་།འཚོལ་སྙེག་སྐོར་གྱི་ཚེ་སྲོག་གི་གཏམ་རྒྱུད་ཅིག་ནས་འགོ་བརྩམས་ཏེ《རྒྱ་མཚོར་བལྟ་རུ་འགྲོ》ཞེས་པ་གསར་རྩོམ་བྱས་ཡོད་ལ།འདི་རུ་ས་ཆེན་པོ་ཁམས་ཀྱི་ལུང་པའི་ཡུལ་སྲོལ་གོམས་གཤིས་དང་མཚན་ཉིད་རིག་པའི་བསམ་བློའི་མི་སེམས་འགུལ་བའི་གཏམ་རྒྱུད་ཟུང་དུ་འབྲེལ་ཞིང་། བརྩམས་སྒྲུང་ཁྲོད་ཀྱི“ཡབ་ཆེན་འཚོལ་བ”དང“རྒྱ་མཚོར་སྐྱོད་པ”ཞེས་པའི་བརྗོད་དོན་གཉིས་གཞི་གཅིག་གི་ཐོག་ནས་གསར་བཞེངས་བྱས་ཏེ། གཞོན་ནུ་དབང་ཆེན་ཤོར་ཆུ་ལུང་པ་དང་ཁ་གྱེས་ནས་ཆུ་བོད་དེད་དེ་གཙང་པོ་བརྒལ་བའི་རྒྱང་སྐྱོད་ཀྱི་ཡུལ་སྐོར་འགྲུལ་བཞུད་ཅིག་བརྗོད་ཡོད་ལ། ལམ་བར་དུ་དར་ལྕོག་ལྷབ་ལྷུབ་ཏུ་གཡོ་བའི་གྲོང་ཚོ་དང་རིགས་ཚོགས་མཉམ་འདྲེས་ཀྱི་ཡུལ་གྲུ་སོགས་ཁམས་ཀྱི་ཡུལ་གྲུ་རིང་མོའི་སྣོད་བཅུད་ཀྱི་མཛེས་སྡུག་སྨྱུག་རྩེ་ནས་བཤམ་སྟོན་བྱས་ཤིང་། བབ་ཆགས་ལ་སྙན་པའི་ཉམས་ལྡན་པའི་ཡི་གེའི་ཐོག་ནས་ཡབ་ཆེན་དང་རྒྱ་མཚོའི་སྙིང་སྟོབས་དང་ཁོག་རྒྱ་བརྗོད་ཅིང་། རྟོགས་སད་པའི་གཞོན་རབས་ཀྱི་ཁྲོད་དུ་རྒྱང་རིང་ལ་ཡིད་སྨོན་བྱེད་པ་དང་བསམ་པའི་ཁྱིམ་གཞིས་བརྟན་སྲུང་བྱེད་པ་མཐོང་ཐུབ་ལ། དེ་ནི་ཨ་ཕའི་སྙིང་སྟོབས་ལ་རེ་སྙེག་བྱས་པ་ཞིག་ཡིན་ལ་འཚར་ལོངས་ཡོང་བའི་བརྒྱུད་རིམ་ཁྲོད་དངོས་ཡོད་ཀྱི་འཆིང་རྒྱ་ལས་འདས་པའི་རང་དབང་གི་འཕུར་སྐྱོད་ཐེངས་ཤིག་ཀྱང་ཡིན་པར་འདོད་དོ།།
གཡང་མཚོ། སྤྱི་ལོ1982ལོར་ཤར་རྒྱལ་མོ་ཚ་བ་རོང་གི་སྨད་རྒྱུད། དར་མདོ་གྲོང་ཁྱེར་གུ་དྲག་གྲོང་རྡལ་རི་སྐེད་གྲོང་སྡེ་རུ་སྐྱེས། ཆུང་ནས་སློབ་གྲྭར་འགྲིམ་ཞིང་། སྤྱི་ལོ2007ལོ་ནས་བཟུང་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས། སྔ་ཕྱིར་ལྷུག་རྩོམ་དང་བརྩམས་སྒྲུང་ཡིག་འབྲུ་ཁྲི་བརྒྱ་ལས་བརྒལ་བ་གསར་རྩོམ་བྱས་ནས《ཟླ་བ་བཅུ་པ》《མེ་ཏོག་གྲོང》《མི་རིགས་རྩོམ་རིག》སོགས་དུས་དེབ་གྲགས་ཅན་ནས་འགྲེམ་སྤེལ་བྱས། ད་ལྟ་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། པ་ཅིང་རིག་གནས་སློབ་གླིང་གི་ཆིངས་འགོད་རྩོམ་པ་པོ། ལུའུ་ཞུན་རིག་གནས་སློབ་གླིང་གི་གྲངས་ཉུང་མི་རིགས་འཛིན་གྲྭ་སྐབས་དགུ་པ་དང་མཐོ་རིམ་ཞིབ་འཇུག་འཛིན་གྲྭའི་སྐབས་སོ་གཉིས་པའི་སློབ་མ་ཡིན། 《གངས་དཀར་རི་བོ》དུས་དེབ་ཁང་དུ་རྩོམ་སྒྲིག་གི་བྱ་བ་གཉེར་བཞིན་རྩོམ་རིག་གསར་རྩོམ་གྱི་ལས་ལ་འབད་བཞིན་ཡོད་དོ།།
མོས་སྔ་ཕྱིར་ལྷུག་རྩོམ་ཕྱོགས་བསྒྲིགས《ཨོ་གྲོང》དང《ཨོ་གྲོང་དུ་རླུང་བུ་ལྡང》། 《ཡལ་བའི་གཏམ་རྒྱུད》བཅས་དཔེ་སྐྲུན་འགྲེམ་སྤེལ་བྱས། མོའི་བརྩམས་ཆོས་ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་སྐབས་བཅུ་གཅིག་པའི་གྱི་ལིང་བྱ་དགའ་དང་སི་ཁྲོན་རྩོམ་རིག་དམིགས་བསལ་བྱ་དགའ། ཧྲན་མའོ་ལྷུག་རྩོམ་བྱ་དགའ་སོགས་ཐོབ་མྱོང་བ་རེད། བརྩམས་ཆོས་མང་པོ་དབྱིན་ཡིག་དང་བོད་ཡིག། སོག་ཡིག། ཁྲའོ་ཞན་ཡི་གེ་སོགས་སུ་བསྒྱུར།
《ཨོ་གྲོང་དུ་རླུང་བུ་ལྡང》ཞེས་པའི་ལྷུག་རྩོམ་འདི་ནི་ཁམས་ཀྱི་ས་མཐོར་གཞིས་ཆགས་པའི་བོད་སྡེ་ཆུང་ཆུང“ཨོ་གྲོང་ཚོ”བརྗོད་དོན་དུ་བཟུང་ནས། རྩོམ་པ་པོས་བློ་གྲོས་དང་ཤེས་རབ་ཀྱི་རྣམ་ཤེས་གཅིག་ཏུ་བསྡུས་ནས་དེབ་ཧྲིལ་པོར་ང་ཚོའི་མི་ཚེ་གཅིག་དང་། རྙེད་དུ་མེད་པའི་ཅ་ལག། ཚེ་སྲོག་ཁྲོད་ཀྱི་བྱ་བ་བཅས་དོན་ཚན་ཆེན་མོ་གསུམ་གྱིས་གྲུབ་པར་བྱས་ཤིང་། གྲོང་ཚོ་ནང་གི་མི་དང་བྱ་བ། རི་ར་བ་ཁང་ཁྱིམ་བཅས་བརྗོད་བྱ་དོན་གྱི་མཚོན་ཚུལ་དང་རྗོད་བྱེད་ཚིག་གི་གྲུབ་ཚུལ་སོགས་ཞིབ་ཅིང་ཕྲ་བའི་སྒོ་ནས་ཡིག་འབྲུའི་བསྟར་ལ་བརྒྱུས་ནས་ཀློག་པ་པོའི་མིག་སྔར་བཤམས་སྟོན་བྱས་པའི་བརྩམས་ཆོས་བཀླགས་རིན་ཡོད་པའི་བརྩམས་དེབ་ཕུལ་དུ་བྱུང་བ་ཞིག་ལགས་སོ།།
བརྩམས་ཆོས་ཁྲོད་དུ་ཨོ་གྲོང་ཚོའི་རྒྱུན་གཏན་དང་འཕོ་འགྱུར་ལ་ཨ་མས་ས་ཞིང་བརྟན་སྲུང་བྱེད་པའི་ཨུ་ཚུགས་དང་ཀུན་དགའི་མི་ཚེ། གྲོང་མི་ཚོས་འཚོ་ཐབས་ཀྱི་ཆེད་དུ་ཡར་རྒྱུག་མར་རྒྱུག་བྱེད་པ་དང་། བུ་རྒྱུད་དག་ཐག་རིང་ལ་སྐྱོད་འདོད་ཀྱི་ཀུན་སློང་སོགས་ལ་རྩོམ་པ་པོས་ཕྱིར་ལྟ་བྱེད་པའི་ཆ་ནས་གྲོང་ཁྱེར་ཅན་དུ་འགྱུར་བའི་འཕེལ་རིམ་ཁྲོད་དུ། གྲོང་ཚོ་འཇམ་ཐིང་ངེར་གྱུར་ཅིང་ཞིང་ས་ཐང་རྒོད་དུ་གྱུར་པ། ཁང་པ་རྙིང་རལ་དུ་གྱུར་པ་སོགས་འགྱུར་ལྡོག་ལས་ཕ་ཡུལ་ཡལ་བའི་གནས་ཚུལ་ལ་སྐྱོ་གདུང་དང་བརྩེ་བ་རེ་རེ་ཡིག་འབྲུའི་གསེང་ནས་མངོན་འདུག་པ་དེ་ཡིན་ཞིང་། བྱ་དངོས་ཐམས་ཅད་ལ་བརྩེ་བ་བཅངས་ནས་འབུ་ཕྲ་དང་། སྦྲུལ། མཆིལ་བ། ཆུ་བོ་དང་ཤིང་ནགས་བཅས་ཚང་མར་བླ་སྲོག་ཡོད་ཚུལ་མཚོན་ཞིང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་དང་ཚེ་སྲོག་འདྲ་མཉམ་གྱི་ལྟ་བ་འབུར་དུ་བཏོན་ནས་བསྟན་འདུག་ལ། འདི་ནི་གྲོང་སྡེ་ཆུང་ཆུང་ཞིག་བརྗོད་སྙིང་དུ་བཟུང་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཚེ་སྲོག་གི་ལྟ་བ་དང་དད་མོས་ཀྱི་ལྟ་བ་ལྷག་ཏུ་མངོན་ཡོད། རྩོམ་པ་པོས་ཤ་ཁྲག་གི་འབྲེལ་བ་ཡོད་པའི་གཉེན་ཉེའི་བརྩེ་བ་དང་དམངས་སྲོལ་གོམས་གཤིས་དེ་ཁྱིམ་གཞིས་དྲོན་མོ་ལ་སོ་ལྟ་བྱེད་པ་དང་གཞི་གཅིག་ཏུ་འདྲེས་པར་བྱས་ནས་ལྷིང་འཇགས་དང་དྲོད་སྐྱིད་ཀྱིས་ཁེངས་པའི་ཕ་ཡུལ་ལ་ལྷག་བསམ་རྣམ་དག་གི་སྲུང་སྐྱོང་བྱེད་ལུགས་བརྗོད་ཡོད་པ་ལགས་སོ།། ( ཨོ་རྒྱན་དོན་གྲུབ་ཀྱིས་བྲིས།)
