(ཁམས་པའི་འཛུམ་མདངས་སྤྱིའི་འདོན་ཐེངས་བཞི་བརྒྱ་གོ་དྲུག་པའི་པར་ངོས་གཉིས་པའི་འཕྲོར་མཐུད།) དེས་གནས་སྐབས་ཡོད་མཁན་གྱིས་ཤ་མར་ཐུད་གསུམ་ངོམ་པའི་གླགས་མེད་ལ། མེད་མཁན་ལ་ཕོ་བ་ལྟོགས་བཀྲེས་ཀྱི་སྡུག་ཀྱང་མེད་ཅིང་། ཡ་འགྲན་བྱེད་པ། ཕྱོགས་རིས་འཐེན་པ། ཆུད་ཟ་བ། མི་མཐུན་པར་འགྱུར་བ་སོགས་ཀྱི་རྐྱེན་ཉུང་ཞིང་མཐུན་ལམ་ཡོང་ལ་ལས་ཀར་ངར་ཤུགས་སྐྱེད་པ་སོགས་ལ་ཕན། དེ་ནང་བཞིན་ཁྱིམ་དུ་ཁ་ལག་ཟ་བ། མི་མང་པོས་བྲོ་གཞས་འཆམ་པ། གྲོས་བྱེད་པ། ཇ་ཆང་འཐུང་བ། གླེང་མོལ་བྱེད་པ་སོགས་ཅུང་ཚུལ་དང་ལྡན་དགོས་པའི་སྐབས་གང་ལ་ཡང་མཐའ་བསྐོར་ནས་བསྡད་ཅིང་མིང་ལའང་གྲོས་བསྐོར་ཞེས་བཏགས་ཤིང་། ལེགས་པར་རྟོགས་ན་དེ་དག་ནི་ཡུལ་འདིའི་ཞིང་པ་ཚོའི་ཞེ་ཕུགས་ན་སྣོད་བཅུད་བརྟན་གཡོ་ཡོངས་སུ་རྫོགས་པ་ལ་ངོས་འཛིན་གང་འདྲ་བྱེད་བཞིན་ཡོད་པའི་སྦུགས་ཀྱི་བསམ་བློ་རྣལ་མ་དེ་མངོན་པའི་བུ་ག་ཕྲ་མོ་ཞིག་ཏུ་ཡང་གྱུར་ཡོད་པར་སྣང་། འདུག་སྟངས་ལ་རྐུབ་སྟེགས་སུ་ཕོ་མོ་གཉིས་ཀ་བྱམས་འདུག་བྱེད་པ་ལ་ཁྱད་པར་མེད་ཀྱང་ས་ལ་སྡོད་པ་ལ་ཕོ་ཡིས་སྐྱིལ་ཀྲུང་བཅས་ཏེ་ལུས་ཙོག་པུར་བྱེད་པ་དེས་མིག་ལ་མཛེས་ཤིང་རྩ་རླུང་དྲང་པས་སེམས་ལས་སུ་རུང་བར་འགྱུར་པ་དང་། མོས་པུས་གླན་བཅའ་ཞེས་རྐང་ཟུང་གཤིབས་ནས་ཕོངས་སུ་བཀུག་ཅིང་པུས་མོའི་ཐོག་ཏུ་པུས་མོ་ཡ་ཡིས་གླན་ཏེ་འདུག་ལ། དེ་ནི་སྔ་དུས་ཟ་མ་མོ་ལ་རྐང་སྣམ་དཀོན་པས་རང་གི་གསང་བ་སྲུང་ཞིང་རོགས་ལ་གུས་ཞབས་མཚོན་པ་དང་། གོས་ལ་ཁྱད་ཆོས་མངོན་ཞིང་མི་ལ་ལང་འདུག་བདེ་བ་སོགས་ཀྱི་རྒྱུ་མཚན་ལྡན་ཡོད།
ནད་པ་སོགས་དམིགས་བསལ་བ་མ་གཏོགས་མང་པོའི་ཁྲོད་དུ་རྐང་པ་རྐྱོང་བ། བརླ་བགྲད་པ། འགབ་འདུག་ཅེས་རྐང་པ་བཙུགས་པའི་ཐོག་ཏུ་ཕོངས་དཔྱངས་པ། གློ་ཉལ་བྱེད་པ། སྦུབས་ཉལ་བྱེད་པ་སོགས་ནི་འདུག་སྟངས་མ་རབས་དང་། ལོ་དང་ཡོན་ཏན་རྒན་པའི་གོང་དང་མཐོར་བསྡད་པ། མི་གཞན་ལ་རྒྱབ་གཏད་པའམ་རྐང་པ་མདུན་དུ་བརྐྱངས་ནས་འདུག་པ། བྱམས་འདུག་སྐབས་སུ་པུས་མོ་ཁ་ཡ་ལག་པས་རྟ་ཁ་འཐེན་པ་དང་རྐང་ཐོག་རྐང་བཞག་བྱས་པ་རྣམས་ནི་ཕ་རོལ་པོ་ལ་མ་གུས་པའི་རྣམ་འགྱུར་དུ་བརྩི། སྐྱེས་པ་ཕོ་རྣམས་ཁྲི་དང་རྐུབ་བཀྱག་ལ་བྱམས་ཞུགས་བྱེད་སྐབས་རྐང་པ་གཡོན་པའི་པུས་མོའི་ཐོག་ཏུ་གཡས་པ་འཕྲེད་དུ་བཞག་ནས་རྫིག་ཉམས་སྟོན་སྲོལ་ཡོད། འོན་ཀྱང་ཇ་གྲོས་དང་གུས་ཞབས་དགོས་པའི་འདུག་ར་ན་དེ་ལྟར་བྱས་ན་འདུག་སྟངས་མ་རབས་སུ་བགྲངས། མི་ལ་མ་མཁོ་ན་ཡང་གོས་ལ་དགོས་ཞེས་རྐུབ་གདན་ནི་རྩྭ་སོག་ལས་མེད་ཀྱང་ངེས་པར་བཏིང་སྲིད། ལམ་དུ་འགྲོ་སྐབས་རྟ་པ་དང་རྐང་ཐང་བསྡེབས་ན་རྒན་པས་བཅིབས་ཤིང་གཞོན་པས་འཁྲིད་པ་དང་། མཉམ་ན་ཕོས་བཅིབས་ཤིང་མོས་འཁྲིད་པའམ་འགྲོགས། ནད་པ་དང་དབང་སྐྱོན་ཅན་གྱིས་བཅིབས་ཏེ་སྐྱོན་མེད་པས་འཁྲིད་དང་འགྲོགས། བྱིས་པ་ཡིན་ན་རྟ་པའི་ཕྱི་འཕོངས་ལ་བཞག། རྐང་ཐང་འགྲོགས་པ་ལ་རྒན་པ་རྐྱང་པ་དང་གཞོན་པས་རྡོག་ཁྲེས་ཁྱེར། ལོ་ན་ཕྱོགས་མཚུངས་པར་ཁུར་བོ་ཡང་པ་མོས་ཁུར་ཞིང་ལྕི་མོ་ཕོས་ཁུར་བའམ་གཉིས་པོས་ཁུར་རེས་བྱེད་པ་སོགས་ཀྱི་སྲོལ་ཡོད་ཅིང་དེ་དག་ལྡོག་པ་མཐོང་ན་གཞན་གྱིས་འཕྱ་སྲིད། ལ་རུ་མ་ཁུར་ན་རྟ་མིན། ཐུར་དུ་མ་བབས་ན་མི་མིན་ཞེས་ཐུར་དུ་རྟ་ལ་མི་བཅིབ། ལམ་གྱི་ཐག་རིང་ཐུང་དང་ས་ཡི་ཡངས་ཆེ་ཆུང་ལ་ཤིན་ཏུ་ཉེ་བ་ལ་གོམ་པ་གང་དོ་ཞེས་སྐྱེ་བོ་དར་མའི་གོམ་ཐག་དང་། དེ་ལས་རིང་བ་ལ་རྟོད་ཐག་དོ་གསུམ་ཞེས་རྟ་ཟོག་རྟོད་པའི་ཐག་པའི་རིང་ཐུང་། དེ་ལས་རིང་ན་མདའ་རྒྱང་ཁ་གྲངས་ཞེས་མདའ་སླེབས་ཚད་ཀྱི་རིང་ཐུང་། དེ་ལས་རིང་ལ་སྐད་རྒྱང་ཞེས་མི་དར་མའི་སྐད་སྒྲ་ཆེན་པོ་མཆེད་པའི་རྒྱང་ཐག། དེ་ལས་ཆེ་བ་ལ་མིག་རྒྱང་ཞེས་མིག་གསལ་བའི་མཐོང་མཐའ། དེ་ལས་རིང་བ་ལ་ཚ་ལམ་ཞེས་ཉིན་ཕྱེད་བགྲོད་པའི་ལམ་ཐག། དེ་ལས་རིང་བ་ལ་རྟ་པའི་ཉིན་ལམ་ཞེས་རྟ་པ་ཉིན་གཅིག་ཏུ་སྐྱོད་པའི་ལམ་ཐག་སོགས་ཀྱིས་འཇལ་བྱེད་བྱེད་སྲོལ་ཡོད། རང་དངུལ་གཞན་ལག་ཏུ་ཕར་སྤྲོད་དུས་རང་གི་གོས་ལ་ཕྱིས་ཙམ་བྱེད་སྲོལ་ཡོད་པ་དང་། རང་གི་འབྲུ་རིགས་གཞན་ལ་བཙོང་བའམ་བསྐྱིས་པ་སོགས་ཀྱི་སྐབས་སུ་ཕར་སྤྲད་མཐར་སྤར་བས་ཉུང་ངུ་ཞིག་ཕྱིར་འཕྲིས་ཏེ་རང་གི་སྒྲོ་སྣོད་དང་སྒམ་དུ་བླུག་སྲོལ་ཡོད། དེར་ཕུད་ལེན་ཞེས་གཙོ་བོ་འབྲུའི་གཡང་ཕྱིར་མི་ཤོར་བའི་ཆེད་དུ་ཡིན་པར་བརྗོད། དེ་ནི་ཕྱུགས་ཟོག་གཞན་ལ་བཙོངས་རྗེས་མགོ་དང་རྔ་མ་ལས་སྤུ་བཏོགས་ནས་ཕྱིར་གཡང་སྒམ་དུ་བཅུག་པ་དང་དོན་མཚུངས། རྟ་ནོར་ལུག་གི་སྒོ་ཕྱུགས་གསར་པ་ཉོས་ནས་ཁྱིམ་དུ་ཐོག་མར་སླེབས་སྐབས་ཐོད་པ་ལ་མར་དང་། རྭ་ཅོ་ལ་སྣུམ། ཁ་ལ་གྲོ་ལྡུད་པའི་སྲོལ་ཡོད། ནོར་ལུག་སོགས་ཁྱིམ་གྱི་སྒོ་ཕྱུགས་ལ་རྭ་གསུམ་མམ་བཞི་ཅན་དང་། ལུས་གཅིག་ལ་མགོ་གཉིས་ཅན། མགོ་གཅིག་ལ་ཁ་གཉིས་ཅན། བཤང་ལམ་མེད་པ་སྐྱེས་པ་རྣམས་ལ་གཡང་རྭ་བཞི་མ་ཞེས་པ་ལྟ་བུ་རྟེན་འབྲེལ་བཟང་པའི་རྟགས་བྱར་བརྩི། མི་རྒན་པའི་གླེང་མོལ་ལ་དཔགས་ན་དེ་ནི་ཕལ་ཆེར་རྒྱུ་ནོར་རྫས་ལ་རེ་འདོད་ཆེན་པོ་བཅངས་པ་དང་འབྲེལ་བ་ཡོད་ཤས་ཆེ་བ་ཞིག་ཏུ་སྣང་། ཐག་པ་རོ་ཐག་ཡིན་ཡང་ཁུར། དབྱུག་པ་གསེར་དབྱུག་ཡིན་ཡང་མ་ཁུར་ཞེས་ཐག་པ་རྙེད་པ་ལ་ཤིན་ཏུ་གཙིགས་སུ་འཛིན་པ་ཡིན། གྲོང་ཁྱིམ་མཚེས་བར་དུ་དུས་རྒྱུན་དུ་རྒྱུ་ནོམ་པ་ཅན་དང་འཚོ་བའི་ཡོ་བྱད་གང་ཡིན་རུང་དུད་ཕན་ཚུན་བར་ལ་སེམས་སྣ་འཇུངས་འགག་མེད་པར་གཡར་རེས་སྐྱི་རེས་བྱེད་ཅིང་སུ་ཚང་ལ་འཇིགས་པ་དང་གྱོང་ཁ་ཆེན་པོ་བྱུང་ན་གྲོང་པ་སྤྱིས་བསྡུ་སྐྱིན་ཕུད་གསུམ་བྱས་ནས་རོགས་སྐྱོར་བྱེད་སྲོལ་ཡོད། མཐོ་རྒྱལ་པོ་དང་དམའ་སྤྲང་པོ་སུ་ཡིན་རུང་གཞན་ལ་རེ་ལྟོས་བཅའ་མི་དགོས་པ་གཅིག་ཀྱང་མེད་ཟེར། རང་ལས་ལོ་རྒན་པ་དང་ཐུག་ན་ངོ་ཤེས་དང་མ་ཤེས་གང་ཡང་རུང་ཕོ་ལ་ཨ་ཁུ་དང་། ཨ་ཞང་། ཨ་ཕ། ཨ་མྱེ། ཨ་ཇོ་སོགས་དང་། མོ་ལ་ཨ་ནེ། ཨ་སྲུ། ཨ་མ། ཨ་ཅེ་ཞེས་སོགས་འབོད་དེ་གུས་པ་དང་བཅས་པས་འཚམས་འདྲི་བྱེད་ཅིང་། འགྲམ་ན་བྱིས་པ་ཡོད་ན་དེ་ལའང་བསླབས་ནས་ངེས་པར་དུ་འབོད་བཅུག་སྲིད། རྒན་པ་ལ་ཁ་མི་གྲག་པའམ་མིང་ཐད་ཀར་འབོད་པ་ནི་སྤྱོད་པ་མ་རབས་སུ་བརྩི། རྒན་པས་འབོད་པ་ལ་ཨོ་དང་འོ་ཡ་ཞེས་པ་ལས་ཨ་དང་ཅི་དང་ཧ་གོ་ལྟ་བུ་སོགས་ཀྱིས་ལན་མི་བཏབ། དེ་ནི་སྔ་མ་དག་ཚིག་འཇམ་པོ་དང་ཕྱི་མ་རྣམས་རྩུབ་པོར་བལྟས་པས་ཡིན། བློ་དཀར་དང་དཀར་པོའི་དགེ་བ་ཞེས་པ་ལྟ་བུ་ཁ་དོག་དཀར་པོ་ནི་ལྷག་བསམ་རྣམ་དག་དང་གཙང་མ་སོགས་བཟང་པོའི་མཚོན་བྱེད་དང་། ཞེ་ནག་དང་ནག་ཚོང་ཞེས་པ་ལྟ་བུ་ཁ་དོག་ནག་པོ་ནི་གཏུམ་པོ་དང་དྲག་ཤུལ་སོགས་ངན་པ་མཚོན་བྱེད། ལག་དམར་དང་སྙིང་དམར་པོ་ཞེས་པ་ལྟ་བུ་ཁ་དོག་དམར་པོ་ནི་འཇིགས་སུ་རུང་བའི་དོན་སྟོན་བྱེད་དུ་བཀོལ་སྲོལ་ཡོད། དེ་བཞིན་དུ་དཀར་སེལ་དམར་ལྗང་གིས་རིམ་བཞིན་ཞི་རྒྱས་དབང་དྲག་གི་ལས་བསྟན་ཞིང་དེ་དག་གི་མིང་མཉམ་དུ་འབོད་སྐབས་སུའང་གོ་རིམ་མི་འཁྲུགས་པར་འབོད་སྲོལ་ཡོད། རང་གི་རྣ་རྒྱབ་མཛུབ་མོས་འཕྲུག་ཙམ་དང་། ལྕེ་མཆུར་སྣར་ཙམ། རང་མགོ་འཕྲུག་ཙམ་བྱས་པ་སོགས་ཀྱིས་རྒན་པ་ལ་གུས་པ་མཚོན་སྲོལ་ཡོད། གཞན་ལ་བསྟོད་བསྔགས་བྱེད་པའམ་གཞན་ལ་རེ་བ་བཅོལ་སྐབས་ལག་པ་གཡས་པའི་མཐེ་མོ་གྱེན་དུ་བསླངས་ནས་ཕྱག་རྟགས་བྱེད་སྲོལ་ཡོད། བསྟོད་པའི་རྟགས་སུ་འགྲོ་བ་ནི་མཐེ་མོ་གནས་ཀྱི་ཆ་ནས་སོར་མོ་གཞན་ལས་གོང་མ་དང་། བྱེད་ལས་ཀྱི་ཆ་ནས་གྲོགས་མེད་ཁེར་གྱིས་གཞན་བཞི་པོའི་རོགས་ཡར་གོ་ཆོད་ཐུབ་པས་ཡིན་པར་སྣང་ལ། རེ་བ་ནན་གྱིས་བཅོལ་བ་ལ་ལག་པ་ཟུང་གི་མཐེ་མོ་སློང་སྲོལ་ཡོད། ཡོན་ཏན་ཅན་དང་བཀའ་དྲིན་ཆེ་བའི་མི་དང་རྟེན་གསུམ་སོགས་ཀྱི་མདུན་ན་རང་གི་སྙིང་གར་མཐེ་ཟུང་ཁོག་ཏུ་བཅུག་སྟེ་ཐལ་མོ་སྦྱར་སྲོལ་ཡོད། དེས་སྙིང་ཐག་པས་ཡོན་ཏན་ཅན་ལ་དད་པ་དང་། བཀའ་དྲིན་ཅན་ལ་གུས་པ། བྱིན་རླབས་ཅན་ལ་སྨོན་འདུན་ཞུ་བ་མཚོན་བཞིན་ཡོད། དགེ་འདུན་པ་བྱོན་པ་དང་ཐུག་ན་ཡར་ལངས་ཤིང་ལུས་ཅུང་གུག་པ། ཞྭ་མོ་ཕུད་ཅིང་མགོ་ལ་དཀྲིས་པའི་སྐྲ་མར་བཏང་། སྐྱེས་པས་གོས་ཀྱི་ཕུ་རུང་གྱོན་པའམ་གཡོན་པར་གྱོན་ཞིང་གཡས་པ་ཕྲག་པར་རྒྱབ་ནས་མདུན་དུ་འཐེན་ཏེ་གཟར་བ་དང་བུད་མེད་ཀྱིས་ཕུ་རུང་གཉིས་ཀ་གྱོན་ཞིང་རྒྱབ་ལ་པང་ཡོལ་བསྐོན་པའམ་སྐ་རགས་གཉའ་ནས་འཐེན་ཏེ་སྐེད་པར་དཀྲིས། ལག་ཟུང་གིས་མདུན་ན་ཕྱག་རྒྱ་བྱས་ཏེ་གུས་འདུད་ཞུ་སྲོལ་ཡོད། བླ་མ་དང་དགེ་མདུན་དག་ལ་ལྷག་པར་གུས་པའི་སྲོལ་ནི་གཙོ་བོ་དེའི་རྒྱུད་ཀྱི་ཡོན་ཏན་ལ་བརྩི་གུས་བྱེད་པ་ཡིན་གྱི་མི་དང་རང་གཞན་ལ་གོང་འོག་གི་རིམ་པ་མཐོ་དམན་ཡོད་སྣང་འཆར་མཁན་ཚོ་ནི་རང་གི་འཁྲུལ་བ་ཞིག། འུར་ཞོགས་རྒྱག་པ་དང་སྐད་ཆ་མང་བའི་མི་ལ་མཛུབ་མོ་ལྔ་པོ་གྱེན་དུ་བཀན་ནས་རུབ་རུབ་བྱེད་པའི་ལག་བརྡ་སྟོན་སྲོལ་ཡོད། དེ་ནི་ཁ་ཚུམས་ཞེས་པའི་བརྡ་བསྟན་པ་ཡིན། མི་གཞན་ལ་རང་གི་ལག་པ་གཡས་པའི་ཐལ་མོ་བཀན་ནས་གོང་འོག་ཏུ་གཡོ་ཙམ་བྱེད་པའི་ལག་བརྡ་སྟོན་སྲོལ་ཡོད། དེས་ཕ་རོལ་པོ་ལ་གོང་དུ་བཀུར་ཞིང་འཚམས་འདྲི་ཞུ་བ་མཚོན། ལག་གཡུག་བྱེད་དམ་ལག་འབོད་བྱེད་ཅེས་ལག་པ་གཡས་པ་རང་ཉིད་ཀྱི་ཐོད་པའི་ཡན་ཙམ་ནས་ནང་དུ་བསྐོར་ཏེ་གཡུགས་པས་རིང་སའི་མི་མདུན་དུ་འགུགས་སྲོལ་ཡོད། མི་མང་པོའི་ཚོགས་སུ་སྐད་ཆེན་པོས་འབོད་རེས་བྱེད་པ་ནི་སྤྱོད་ལམ་བཟང་པོ་མ་ཡིན་པར་བརྩི། སྐྱེས་པ་ཕོས་སྐྲ་ལོ་རིང་པོ་མགོར་སྒོང་བ་དང་ཟ་མ་མོས་སྐྲ་ལོ་ལན་བུ་ཕྲ་མོར་སླས་ལ། སྐྱིད་ཆེ་ཡང་ཟླ་སྐྲ་མ་སླས། སྡུག་ཆེ་ཡང་ལོ་སྐྲ་མ་བཞག་ཅེས་ཟླ་བ་རེར་སྐྲ་ཐེངས་གཅིག་གམ་དུ་མ་སླས་པ་དང་ལོ་རྙིང་པའི་སྐྲ་ལོ་མ་ཁྲུས་པའམ་གསར་དུ་མ་སླས་པ་ལོ་ཕྱི་མར་བརྒལ་བ་མི་བྱེད། བྱིས་པ་ཆུང་ངུ་དང་ངུར་སྨྲིག་འཛིན་པ་ཚོས་རྒྱུན་དུ་སྐྲ་རྩ་བཞར་བྱེད་ཅིང་། གཞན་གྱི་སྐྲ་གཞར་རོགས་བྱེད་པ་ནི་དགེ་བར་བརྩིས་ཏེ་དགའ་བར་བྱེད། ཁྱོ་ཤུག་གཉིས་ཀ་འཛོམས་པའི་མི་ཡིས་སྐྲ་རྩ་བཞར་དང་ཐུང་ངུར་བཅད་པ་ནི་རྟེན་འབྲེལ་ངན་པ་ལ་རྩི་ཞིང་ཚེ་གྲོགས་གྲོངས་པའི་རྒན་ཕོ་རྒན་མོས་སྐྲ་རྩ་བཞར་བྱེད་པ་མི་ཉུང་བ་ཡོད། གྲོང་པ་ལ་ལར་ལོ་སར་ལ་གྲོང་པའི་སྐྱེས་པ་རྣམས་དུད་ཚང་དུ་རེས་མོས་བསྐོར་ནས་མགྲོན་ཁ་འབོད་སྲོལ་ཡོད། ཆུ་རྐ་སོགས་ལ་ཐོག་མར་བཞུར་བའི་ཆུ་སྣ་དང་འཕྲད་ན་གྲོག་རྙེད་པའི་རྟགས་ཞེས་དཀོན་མཆོག་ལ་མཆོད་པ་འབུལ་སྲོལ་ཡོད། བྱིས་པ་ཆུང་ངུས་ཨིག་ཀ་བརྡོལ་བ་ལ་གཡང་ཞེས་ཡག་པོ་དང་མི་རྒན་པས་ཨིག་ཀ་བརྡོལ་བ་ལ་ཐན་ཞེས་ངན་པར་བརྩིས་ཏེ་སྐྲག་བསླངས་ནས་སྐྱིགས་བུ་མི་འབྱུང་བར་བྱེད་སྲོལ་ཡོད། མི་རྒན་པ་ཚོས་སྔ་མོར་ཆུ་འཁྱག་གིས་ཞལ་ངོ་བཀྲུས་ན་ཁ་ངོ་དྲོ་བ་དང་། སྣང་བ་སངས་པ། རིག་པ་དྭངས་པ། ལུས་ཁམས་བདེ་བ་སོགས་ལ་ཕན་ཡོད་ཅེས་དགུན་ཁར་ཡང་ཞོགས་པ་སྔ་མོར་ལངས་ཏེ་ཆུ་འཁྱག་གིས་ཁ་ལག་འཁྲུད་པ་སོགས་ཤིན་ཏུ་མང་ངོ་།།( རྫོགས་སོ།།)
