བདག་ནི་འདི་ནས་རྒྱ་རིང་གི།
གནས་སུ་བབས་པའི་རྒོད་པོ་བཞིན།།
ཡུད་ཙམ་ལེ་དབར་སྟོང་ཕྲག་གི།
ཧེ་བག་གཅོད་པའི་མཐུ་མེད་ཀྱང་།།
ནང་སེམས་དྲན་པ་སྐྱི་བསེར་རླུང་།།
ཁྱེད་ཕྱོགས་ངང་གིས་འདུ་བར་བྱེད།།
བདེ་སྡུག་ཚོར་བའི་གནས་ཀུན་ཏུ།།
དྲི་མེད་ཟླ་བའི་འཛུམ་མདངས་ཉིད།།
སྒོམ་པའི་སྣང་བརྙན་མག་མོག་ནང་།།
བརྗོད་བྲལ་ཚིག་གིས་མཚོན་མེད་པའི།།
འདང་བརྩེ་ཟླ་བའི་མ་མ་ཡིས།།
རླབས་རྒྱུན་འཇོག་མེད་གཡོ་ལགས་སམ།།
ཁྲ་ཁྲ་འཁོར་བའི་ཡུལ་ལྗོངས་ནས།།
ནང་སེམས་འཚོལ་བའི་སྙིང་གི་སྡུག།
རེ་དོགས་རི་མོའི་ཚོན་མདངས་ལ།།
འགྱུར་མེད་བརྟན་པའི་འོད་ཟེར་གྱིས།།
གཟི་བརྗིད་ཁུར་བའི་རྟ་བདུན་བཞིན།།
བདག་ཉིད་ཕྱོགས་སུ་འཕྱོ་བར་ཤོག།
ཙག་རླུང་སེར་བས་མ་རེག་པར།།
འཇམ་ལྡན་གཞོན་ཤའི་མཁུར་ཚོས་ལ།།
ལྷད་མེད་མཛེས་པའི་གཡང་འཁོར་བའི།།
དཀྱིལ་སྙིང་ཨུཏྤལ་ཟེའུ་འབྲུ་ཡིས།།
ཟུར་མདའི་ལུས་ཅན་མྱོས་མཛད་པའི།།
སྙིང་སྡུག་དྲན་པའི་འཚོ་རྟེན་ཉིད།།
༼ སྒང་ཁྱུང་སྐྱེས། ༽
