དགུན་དུས་ཀྱི་དུས་ཚིགས་རེ་རེར། མི་སོ་སོ་ཁ་བ་དང་འབྲེལ་བའི་གཏམ་རྒྱུད་ཡིད་གར་འོང་བ་རེ་ཡོད་སྲིད་མོད། འོན་ཀྱང་། དགུན་འགོ་ཚེས་ཟིན་ནས་དུས་ཡུན་རིང་ཞིག་འགོར་སོང་། འདིར་ཁ་བ་ཏིལ་འབྲུ་ཙམ་ཡང་འབབ་མ་སོང་བས། ང་ལ་ཁ་བ་དང་འབྲེལ་བའི་གཏམ་རྒྱུད་གཅིག་ཀྱང་མེད་ལ། ཁ་བ་དང་འབྲེལ་བའི་རྩོམ་ཡིག་གཅིག་ཀྱང་འབྲི་མ་ཐུབ་པར་དེ་གར་ལྷག་སོང་། དེ་གར་ལྷག་སོང་བའང་མ་ཡིན་པར་མདོར་བསྡུས་ན་ཅི་ཡང་མཐོང་སྣང་དུ་འཆར་རྒྱུ་མེད་པ་དེའོ། །
དེ་རིང་གི་གནམ་གཤིས་ནི་ཤིན་ཏུ་འཇམ། སྒེའུ་ཁུང་གི་འགྲམ་ལ་བཞད་པའི་སྡོང་འགོའི་ལོ་མ་གཡོ་འགུལ་མེད་པར་འཇམ་ཅག་གེར་འདུག་པ་དང་བསྟུན། ཉེ་འཁོར་གྱི་མི་ཚོགས་ཀྱང་འུར་ཟིང་གཅིག་ཀྱང་མེད་པར་རང་རང་གི་ཐབ་སྒྲོམ་ནང་དུ་མེ་རེ་བཏང་ནས་དགུན་དུས་ཀྱི་འཁྱག་རླུང་ལ་གཡོལ་ཅི་ཐུབ་བྱེད་ཀྱིན་འདུག། ཁ་བ་མེད་པའི་དགུན་དུས་ཀྱི་དུས་ཚིགས་འདི་ནི། ཁ་བ་ཡོད་པའི་ན་ནིང་དང་ཤིན་ཏུ་མཚུངས། གྲང་ཤུར་ཤུར་གྱི་འཁྱག་རླུང་གིས། མཐུག་པོར་གྱོན་ཡོད་པའི་ལུས་གོས་ཀྱང་རིམ་བཞིན་ཕུག་སྟེ་ཤ་གསེང་རུས་གསེང་དུ་མཆེད་པར་བྱེད།
ད་ནངས་ཞོགས་པར་མལ་ལས་སད་དུས། ངས་ལམ་སང་སྒེའུ་ཡོལ་དེད་ནས་ཁ་བ་འབབ་ཡོད་མེད་ཐེངས་གཅིག་བལྟ་དགོས་ཐུག། ང་རང་ལངས་པ་ཅུང་ཙམ་སྔ་སོང་བས། ཡོད་ཚད་རབ་རིབ་དང་མག་མོག་ཙམ་ལས་ཅི་ཡང་མཐོང་མི་ཐུབ་མོད། ཡིན་ནའང་དུས་རྒྱུན་དང་འདྲ་བར་ཁ་བ་གཅིག་ཀྱང་བབས་མི་འདུག། མདང་ནུབ་ཁ་བ་འབབ་ཀྱིན་པ་རྨི་ལམ་རྨིས་པའི་རྐྱེན་ཡིན་ནམ། ཡང་ན་ཁ་བའི་ནང་དུ་ལུས་ལ་གོན་པ་དཀར་པོ་གྱོན་པའི་བུད་མེད་ཅིག་གིས། ང་ལ་སྙིང་གཏམ་གྱི་མངར་ཁ་ལྡུད་པ་རྨིས་པའི་རྐྱེན་ཡིན་ནམ། ངའི་སེམས་ཀྱི་ཟབ་ས་གང་ཞིག་ཏུ། ཁ་བ་དབབ་པར་རེ་བའི་ངང་སྒུག་ཅིག་འགོག་ཐབས་མེད་པར་ཆུ་མིག་བཞིན་བརྡོལ་བྱུང་། ད་ལྟའི་ཆར། ཁ་བ་ནི་ང་ལ་མཚོན་ན་རྒྱང་རིང་གི་སྤྲིན་པ་ཡུག་གཅིག་སྟེ། དེ་ལ་འཐོབ་པར་རེ་བ་ནི་དབྱར་ཁའི་ཁ་བ་ལ་རེ་བ་དང་ཤིན་ཏུ་མཚུངས། ངལ་བ་འབྲས་མེད་ཙམ་ལས་ཅི་ཡང་མི་འདུག་གོ། །
ནམ་ཞིག་ཁ་བ་འབབ་སྲིད་དམ། གལ་ཏེ་དངོས་གནས་ཁ་བ་དབབ་ཡོང་བ་ཡིན་ན། དེ་ལ་རེ་བའི་སྨུག་སྤྲིན་རབ་རིབ་འདི་དག་ལམ་སང་མེད་པར་འགྱུར་སྲིད་དམ། ནང་སེམས་ཀྱི་ཞེན་ཆགས་ཡོངས་སུ་བསལ་ཏེ་སེམས་པ་ནམ་མཁའ་དང་འདྲ་བར་ཆེ་བར་འགྱུར་སྲིད་དམ། འཁོན་འཛིན་དང་ཕྲག་དོག་གི་ཆུ་རིས་དག་གཏན་ཏུ་བྲལ་ནས། ངའི་གདོད་མའི་འཇིག་རྟེན་ཞི་འཇགས་སུ་གནས་པར་འགྱུར་སྲིད་ཨང་། ནམ་ཞིག་ཁ་བ་ལྷབ་ལྷབ་ཏུ་འབབ་ན་ཡང་། ངའི་འཆར་ཡན་ངོས་སུ་རེ་དོགས་གཞན་ཞིག་གིས་འཚང་ཀ་རྒྱག་བཞིན་ཡོད་དམ། འཚང་ཀ་དེས་རྐྱེན་གྱིས་ང་རང་འཇིག་རྟེན་གང་ཞིག་ལ་ཁྲིད་ནས་ཅི་ཞིག་གི་ཆེད་དུ་འདུར་རྒྱུག་བྱེད་བཞིན་ཡོད་ཨང་།
དགུན་ཁ། ཁ་བ་མེད་པའི་དགུན་ཟླ་རིང་མོ། ལྷིང་འཇགས་ཀྱི་རང་ཤག་ནང་ནས་ཅི་ལ་ཡང་རེ་དོགས་མི་བྱེད་པར་སོས་དལ་གྱིས་བསྡད་ན་སྐྱིད་པ་ལ་ཨང་། འཇམ་ཞིང་བསིལ་བའི་རླུང་བུ་དང་། ལམ་ལམ་དུ་འགུལ་བཞིན་པའི་སྡོང་འགོའི་ལོ་མ། བྱིའུ་དག་གི་གཤོག་ཟུང་ལྡེབ་པའི་སྒྲ་སོགས་ལ་དལ་གྱིས་རྣ་བ་བླགས་ན། ནང་སེམས་ལ་བག་ཕེབས་ཀྱི་བདེ་སྣང་ཞིག་ངང་གིས་སྟེར་བར་བྱེད། འོན་ཀྱང་། འདོད་པའི་རྟ་རྒོད་ལ་ཁ་ལོ་འདུལ་ཐུབ་མེད་མཁན་དག་གིས། ཞི་འཇགས་ཀྱི་སེམས་གནས་ཤིག་ཇི་ལྟར་ལོངས་སུ་སྤྱོད་ཐུབ་ཨང་། དེ་དག་ནི་ང་དང་འདྲ་བར། ཉི་ནུབ་ཀྱི་མཚམས་སྤྲིན་ལ་མིང་ཟུང་ཅེར་གྱིན། དྲན་གདུང་གི་ཚ་བའི་ཞིང་འདིར་བསིལ་འཇམ་གྱི་ཁ་བ་འབབ་པར་ངང་སྒུག་ཡང་ཡང་བྱས།
༼ ཚོར་སྦྲང་།༽
