国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དྲང་བརྗོད་སྙིང་གཏམ་དྭངས་མ།

ལས་སྐྱིད་སྡུག་གཉིས་ཀྱི་མཐའ་ཁ་རུ་འགྲེངས་ནས།།

ཡིད་མེ་ལོང་ནང་གི་སྤྲོལ་བྲལ་གྱི་རང་བཞིན།།

སེམས་ཕར་ཤོར་བདུད་ཀྱི་ཆོ་འཕྲུལ་དང་འདྲིས་པ།།

གནས་སྔོན་པོ་འདི་ལ་གསང་རྒྱ་ཡང་མི་ནུས།།

ཚིག་ཤིང་ཤུན་བར་ནས་མཐོང་བ་ཡི་ཁྱོད་ཉིད།།

གདངས་སྙན་མོ་ཀུན་གྱི་ལྷས་ར་ན་ཆགས་ཤིང་།།

ལུས་འཇོ་སྒེག་སྟོང་གི་ཏེ་བོ་རུ་འགྱིང་བའི།།

མ་དབྱངས་ཅན་ཟེར་ན་ཁྱོད་ཉིད་རང་ཡིན་འདྲ།།

ནང་ཉོན་མོངས་ཁྲག་འབུས་མ་ལུས་པ་བཟས་པའི།།

ཕྱི་ཚུལ་འཆོལ་ཅན་གྱི་མགོ་རེག་གི་ཁོ་བོ།།

མིག་འཁྲུལ་བས་བལྟས་ཀྱང་ཚིམ་བྲལ་གྱི་ཁྱོད་ལ།།

ཞེ་བསམ་པའི་ཐོག་ནས་ཡིད་སྨོན་ཞིག་ཤོར་རོ།།

ཆོས་འཇིག་རྟེན་གཉིས་ཀྱི་སྣང་མང་གི་ལས་ཅོག།

ཚེ་ཐུང་ཐུང་འདི་ལ་འགྲུབ་ཐབས་ཤིག་མེད་པས།།

རང་འདོད་མོས་འཚམས་པའི་སོས་བཞད་ཀྱི་ལྗོན་པ།།

དུས་ཟང་ཟིང་བར་ནས་རྙིད་པ་རང་མ་འཇོག།

རྒྱུ་འབྱོར་བས་བསླུས་པའི་སྣ་ཚོགས་ཀྱི་གྲུ་ཁར།།

རྫས་གང་གིས་བསླུ་མེད་དངོས་པོ་ཞིག་མཆིས་ན།།

དྲིན་ཕ་མའི་བརྩེ་འདང་དྭངས་མོ་དེ་ཡིན་པས།།

ལས་ཅི་ལ་ཐུག་ཀྱང་མི་དྲན་ཁར་མ་བྱེད།།

ཕ་ཡང་མེས་རུས་པ་གསེར་ཡན་གྱི་རིང་ལ།།

སེམས་འཇིགས་སྣང་བུན་པོ་ཞུ་ཡུལ་གྱི་བླ་སྤྲུལ།།

གཞན་ཆ་མེད་ལོག་བཤད་ཅུང་ཙམ་གྱི་དབང་གིས།།

གཏམ་སྣ་མང་ཁ་ནས་བསྙད་པ་ལ་མ་འབད།།

དོན་དམ་པར་ཁྱོད་ཅེས་ཡོད་པ་རང་མིན་ལ།།

ཀུན་རྫོབ་པར་ཁྱོད་རང་གང་དུ་ཡང་མེད་པས།།

རང་ཡོད་སྣང་ཕྲན་བུའི་བདག་འཛིན་གྱི་རྟ་ཕོ།།

དུས་སྐད་ཅིག་མ་བཞོན་ཡིད་འོང་གི་འཕགས་མ།།

མ་དྲིན་མོ་ཆེ་ཡི་དམར་མདངས་ཀྱི་མངལ་ལས།།

དུས་གཅིག་ཏུ་སྐྱེས་པའི་ཟག་བཅས་ཀྱི་ཕུང་འདི།།

ཁྱེར་འགྲོ་དབང་ཏོག་ཙམ་ཡེ་ནས་ཀྱང་དབེན་པས།།

ནང་ཞེ་འཛིན་ཆུང་ན་སྐྱེས་མཆོག་གི་བསྟོད་ཡུལ།།

ཉིན་མཚན་མོ་ཀུན་ཏུ་སྙིང་གཏམ་གྱི་འོ་ཇ།།

སྐོལ་གྱིན་པའི་སྟོབས་རྒྱས་གསར་བུ་ཡི་གཞོན་པ།།

ཁྱོད་དོན་དུ་ལྔ་ལམ་འགྲོ་འདོད་ཀྱི་སྟག་ཤ།

ནམ་ཞིག་ཏུ་གྱུར་ནས་ཁྱོད་རང་ལ་སྡང་འོང་།།

རང་དགའ་བས་བཟང་འཛོམས་ཨུ་དུམ་གྱི་ཝ་ར།།

ཡིད་ཁྲོས་པས་ངན་པ་དགུ་འདུས་ཀྱི་དུག་ཤིང་།།

དོན་དངོས་ལ་གང་ཞིག་བདག་པ་ནི་མེད་པའི།།

གཞུང་གནས་ལུགས་ནམ་ཡང་སེམས་ཐོག་ལ་ཞོག་ཅིག།

ཕྱི་ཚོར་བ་བཟང་ཚེ་སེམས་འདྲིས་ཀྱི་གྲོགས་པོ།།

རྒྱུ་འབྱོར་བས་དབེན་སྐབས་ངོ་འདྲིས་ཀྱི་མི་བུ།།

སྟོན་འབྲས་ལྡན་དུས་ཀྱི་རྩྭ་རྐང་གི་ཐོ་ཡོར།།

ནང་གསང་གཏམ་འབུལ་སའི་མཆོད་རྟེན་དུ་མ་བསྒོམ།།

ཚུར་གནོད་སེམས་འདུག་མིན་དཔྱད་རྒྱུ་རང་གལ་ཡང་།།

ཕར་ངན་སེམས་ཕྲན་བུས་རྒྱུ་རྐྱེན་དུ་བྱས་ནས།།

ཆོས་འཇིག་རྟེན་གཉིས་ཀ་མི་མཐུན་གྱི་ལས་ལ།།

ལར་ཅུང་ཚོམས་མ་འཇུག་འཁྲིལ་ལྡེམ་གྱི་ལྷ་མོ།།

བདག་འདོད་རྔམ་ལྕི་མོས་ཡང་ཡང་དུ་ལྷད་ཅིང་།།

མཚན་སྙན་གྲགས་མི་དགའ་ཚུལ་ཙམ་གྱི་ཁོ་བོས།།

ཁྱོད་ཐོས་འཛིན་སྙན་པའི་ལྷུག་བརྗོད་ཀྱི་གཏམ་ཞིག།

ཡེ་བདག་ལ་མེད་ཀྱང་བརྗོད་ཁ་རང་བྱས་ཡོད།།

ནང་གསེར་ཅན་གྱི་ཤེས་ཡོན་གྱི་བཟའ་ཆས།།

ལར་ཕྱུག་པ་མེད་ཅིང་ཡིད་འོང་གི་མཛེས་འཆོས།།

ཕར་བལྟས་པས་བློ་ལ་འབབ་ངེས་ཀྱི་བཞིན་རས།།

ས་ཐག་རིང་ལུས་པའི་འཁྱམ་པོ་ངར་མེད་དོ།།

ཚིག་ཐ་སྙད་སྙན་དང་མི་སྙན་གྱི་མཁར་རྫོང་།།

མགུར་ཀུན་རྟོག་འཁྲུལ་གཞས་ལེན་བཞིན་གྱི་བར་ནས།།

ངའི་དར་རྒུད་མི་ཚེ་རྫོགས་པ་རང་བྱུང་ན།།

ང་ཤི་ཡང་དེས་ཆོག་སྐྱབས་གནས་ཀྱི་དཀོན་མཆོག།

༼ འཕུར་སྐྱོད། ༽