སྤྲིན་པ་ནག་གེ་ནོག་གེ་རྩེ་མོར་འཁྲིགས་དུས། །
ཉི་འོད་ཟ་ངེ་ཟིང་ངེ་རི་ནས་ནུབ་དུས། །
དམར་ཆུང་སྙིང་གི་འདབ་མ་རླུང་ལ་བསྐུར་ནས། །
ངེས་མེད་རི་ཆུ་མང་པོ་བརྒལ་བ་མང་སོང་། །
སྐད་ཅིག་འཆར་སྒྲོས་རི་མོ་སྔར་ལས་གསལ་བས། །
མི་ཚོགས་ཁྲོམ་ཚོགས་ཤིག་གི་སྲང་མདོ་རེ་རེར། །
དཔེ་ཁུག་རྒྱབ་ལ་བསྣམས་པའི་སློབ་མ་ཆུང་ཆུང་། །
ཡིད་ལ་བྲིས་པའི་རི་མོར་མ་བཀོད་དོད་པ། །
སྐྱེ་གཟུགས་སྨྱུག་མའི་མདའ་ལྟར་དྲང་ཞིང་ཡག་པ། །
ཞལ་རས་དཀར་གསལ་ཟླ་བར་འགྲན་ཀྱང་ཕོད་པ། །
སྙན་འགྱུར་ངག་གི་ལང་ཚོ་འཇམ་ཞིང་འཇེབས་པ། །
དམར་ཆུང་བྱི་རུའི་ཁྲ་མཛེས་མཛེས་སྡུག་ལྡན་པ། །
དགྱེས་ཞལ་གཞས་ཆུང་སྙན་འཇེབས་དབྱངས་ལ་གྱེར་བས། །
ཁྲ་ཆུང་མིག་གི་རྣ་ཟུར་ཞོར་ནས་ཉན་དུས། །
དབང་མེད་ལས་ཀྱི་ལན་ཆགས་བཙན་གྱིས་འགྲིག་པས། །
རྣམ་རྟོག་བརྒྱ་ཕྲག་བཀག་སྟེ་ཁྱོད་ལས་གཞན་པའི། །
སྣང་ཆུང་ལང་ཚོ་གསར་མ་ཁྱོད་ཀྱིས་བསྐྲུན་པས། །
ང་རང་སྒེའུ་ཁུང་འོག་ནས་ཟླ་བར་ཅེར་དུས། །
མི་དྲན་དགུ་དྲན་དྲན་པའི་འཕར་རྩ་ཆད་ནས། །
ཁྱོད་ཉིད་ཏིང་འཛིན་རང་ཤར་སེམས་སུ་གསལ་བྱུང་། །
སྣ་བརྒྱའི་དཀར་དམར་མེ་ཏོག་འཛོམས་ས་ཡིན་ཡང་། །
ཡིད་ཀྱི་སྒྲོམ་ལ་བཅུག་པའི་ནོར་བུ་ཆ་འགྲིག །
གྲོང་ཁྱེར་སྐོར་བས་འགྲིམ་པའི་ཡིད་ཀྱི་དཔག་བསམ། །
ས་སྲོད་སྐར་མའི་ཚོམས་ནས་རྒྱང་ལྟར་བྱས་ཡོད། །
ཕྱི་མིག་འཕེན་གྱིན་འཕེན་གྱིན་མཛའ་བའི་སེམས་གཞས། །
སོར་རྩེའི་དབྱངས་ལ་གྱེར་ནས་འདས་དོན་སློག་དུས། །
འཁྱུད་རྒྱའི་མདུད་པ་དམ་པའི་དགུང་མོ་རེ་རེ། །
བདེན་སྟོང་སྒྱུ་མའི་རྨི་ལམ་ཡང་ཡང་རྨིས་ཡོད། །
འདི་ནས་ཚེ་རབས་ཕྲེང་བ་རིང་མ་ཐུང་ཞིག །
མཛའ་གཅུགས་ལས་ཀྱིས་སྦྲེལ་བའི་བརྩེ་མདུད་དམ་པོ། །
འུ་གཉིས་རྒྱག་པའི་ལོ་རྒྱུས་གཞན་ལ་མ་ཐོས། །
དྲན་པའི་ནང་ནས་གསལ་བ་ཡིད་ནས་འཐད་དོ། །
༼ རང་མདངས། ༽
