གཡུ་ཁོག་གི་ས་མིང་ཐོགས་ཚུལ་ལ་གནའ་བོའི་ངག་སྒྲོས་སུ་བཤད་ཚུལ་དང་འབྲི་སྟངས་གསུམ་ཙམ་ཡོད། དེ་ཡང་དཔེ་རྙིང་སོགས་སུ་དབྱི་ཁོག་དང་གཡི་ཁོག་ཅེས་བྲིས་པ་ཡོད། དེ་ནི་གཡུ་ཁོག་གི་ས་ཆའི་ཆགས་དབྱིབས་གཅན་གཟན་དབྱི་དཀར་གྱི་པགས་པ་བརྒྱངས་པ་དང་འདྲ་བའི་རྒྱུ་མཚན་གྱིས་དབྱི་ཁོག་གམ་གཡི་ཁོག་བཏགས་པ་ཡིན་ཟེར་སྲོལ་ཡོད། གཅན་གཟན་དབྱི་དཀར་གྱི་པགས་པ་བརྒྱངས་པ་དང་འདྲ་ཚུལ་ཇི་ལྟར་ཡིན་ཞེ་ན། ལྷ་ལུང་ཆུ་དཀར་ཁོག་དང་། གཉན་ལུང་ཆུ་དམར་ཁོག་གཉིས་དབྱིའི་ལག་པ་གཉིས་དང་། དགྲ་བླ་མི་མགོན་དཀར་པོ་དབྱིའི་སྙིང་ཀ། དེའི་སྟོད་ཀྱི་སྒང་རྒྱུད་དབྱིའི་མགོ་དང་། རལ་གྲིའི་ཐང་དང་ཆོས་ཁྲིའི་ཐང་དབྱིའི་ཁོག་པ། སྒེགས་ཁོག་དང་འཁྱིལ་ཆེན་ཁོག་གཉིས་དབྱིའི་རྐང་པ་གཉིས། དེ་མན་ཆད་ཀྱི་ལུང་སྨད་དབྱིའི་མཇུག་མའི་ཚུལ་དུ་ཡོད་པ་ཡིན། གཡུ་ཁོག་ཅེས་བྲིས་པ་ལ་རྒྱུ་མཚན་གཉིས་ཡོད་དེ། རིན་ཆེན་གཡུ་ཡི་ཕོ་བྲང་ལ་མངའ་དབང་མཛད་པའི་བོད་སྐྱོང་བསྟན་མ་ཆེན་མོ་རྡོ་རྗེ་གཡུ་ཡི་སྒྲོན་མས་ཀུན་ནས་སྲུང་བའི་ཡུལ་གྲུ་ཡིན་པས་གཡུ་ཁོག་དང་། ཡང་གླིང་གེ་སར་རྒྱལ་པོས་གཡུ་ཕུག་རོན་ཙམ་དབྱི་སྙིང་པདྨ་རྣམ་པར་བཀྲ་བའི་གནས་སུ་གཏེར་དུ་སྦས་པས་གཡུ་ཁོག་ཐོགས་པ་ཡིན་ཟེར་བ་ཐོས་སོ།། ༼ ཡི་དམ་རྡོ་རྗེ།༽
