ཉེ་ཆར། སི་ཁྲོན་གཞུང་ལམ་ཚོགས་པས2025ལོའི་ལོ་མཇུག་ཏུ་སི་ཁྲོན་ཞིང་ཆེན་ཡོངས་ཀྱི་མྱུར་ལམ་གསར་པ11(ལམ་མཚམས)གཅིག་སྡུད་ཐོག་ལེགས་གྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་ཚོད་ལྟ་བྱ་རྒྱུ་ཡིན་པའི་གནས་ཚུལ་གསར་ཤོས་བསྒྲགས། དེའི་ནང་དཀར་མཛེས་ཁུལ་གྱི་ལམ་ཐིག་གཅིག་སྟེ། ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་ལམ(ལྕགས་ཟམ་ཁའི་ལམ་མཚམས)ཚུད་ཡོད་པ་རེད། གསར་བརྗེའི་ལོ་རྒྱུས་ལྡན་ཞིང་ཡུལ་གྱི་བཀོད་པ་ལྟ་ན་སྡུག་པའི་ལམ་མཚམས་འདིའི་མྱུར་ལམ་ལ་སྤྱི་ལེ49ཡོད་ཅིང་། ད་ལོའི་ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཚོད་ལྟ་བྱ་རྒྱུ་རེད།
ལྕགས་སྲིབ་མྱུར་ལམ་ནི་སྤྱིར་བཏང་གི་མྱུར་ལམ་ཞིག་མ་ཡིན་པར། དེ་ནི《སི་ཁྲོན་ཞིང་ཆེན་མྱུར་ལམ་དྲ་བའི་འཆར་འགོད(2019ནས2035ལོ་བར)》གྱི་ལམ་ཐིག་གཙོ་བོ་ཞིག་ཡིན། སྣེ་གཅིག་ལྕགས་ཟམ་ཁ་དང་སྦྲེལ་ཞིང་སྣེ་གཅིག་སྲིབ་སྨད་དང་སྦྲེལ་ཡོད། སྤྱིའི་རིང་ཚད་སྤྱི་ལེ96.511ཡོད་ཅིང་ཕྱོགས་གཉིས་སུ་འཁོར་ལམ་གཉིས་རེ་ཡོད། ཇུས་འགོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ80ཡིན། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར174.08ཙམ་བཏང་བ་རེད། གྲངས་གཞི་འདི་དག་ལས་གཞན་ད་དུང་འཛུགས་སྐྲུན་གྱི་དཀའ་ངལ་ཧ་ཅང་ཆེ་བ་སྟེ། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་བརྒྱ་ཆ86.5ལ་ཟིན་པ་དང་ཕུག་ལམ་གྱིས་བརྒྱ་ཆ69བཟུང་ཡོད་པ་དེ་ལམ་མཚམས་མང་ཆེ་བ“རི་དང་གཙང་པོ་བརྒལ་ནས་སྤྲིན་རྩེར་ཟམ་པ་བསྐྲུན་པ”དང་ཀུན་ནས་མཚུངས།
དེ་བས་གླེང་རིན་ཡོད་པ་ཞིག་ལ། མྱུར་ལམ་དེ་ས་ཁོངས་རང་བཞིན་གྱི་འགུལ་སྐྱོད་གས་སྲུབས་ཁུལ་ཆེན་པོ་མང་པོ་ཞིག་དང་ཉེ་འབྲེལ་བྱས་ནས་ཡོད་པས་ས་འགུལ་གྱི་གཞི་རྩའི་དྲག་ཚད་ཏུའུ8ལ་སླེབས་ཡོད། ཀྲུང་གོ་བཟོ་སྐྲུན་སློབ་གླིང་གི་ཡོན་རམས་པ་ལྟ་ཚུལ་ལྟར་ན་དྲག་ཚད་མཐོ་བའི་ས་འགུལ་ཁུལ་གྱི་མཉམ་འགྲོའི་གས་སྲུབས་ཁུལ་བརྒྱུད་ནས་གཞི་ཁྱོན་ཆེ་བའི་ཕུག་ལམ་ཆེན་པོ་འདི་ལྟ་བུ་ཞིག་བསྐྲུན་པ་ནི་འཛམ་གླིང་བཟོ་སྐྲུན་ལས་རིགས་སུ་མཐོང་དཀོན་པ་དང་མྱུར་ལམ་རྨང་གཞིའི་འཛུགས་སྐྲུན་གྱི་ངོ་མཚར་ཆེ་བའི་བྱས་རྗེས་ཤིག་ཡིན་པ་རེད།
ལྕགས་སྲིབ་མྱུར་ལམ་ནི་མིང་དོན་མཚུངས་པའི“གསར་བརྗེའི་ལམ་བུ”ཞིག་ཡིན་པ་རེད། མྱུར་ལམ་གྱི་ལམ་ཐིག་ནི་དམར་དམག་རྒྱང་སྐྱོད་ལམ་ཐིག་དང་ཧ་ཅང་འདྲ། ཉེན་ཁ་ཆེ་བའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་ཐེངས་བཞི་བརྒལ་ཏེ་རི་མཐོ་གཡང་གཟར་གྱི་ཁྲོད་ནས་བོད་དབྱིས་རིག་གནས་བར་ཁྱམས་བརྒྱུད་པའི་དེང་རབས་ཅན་གྱི་འགྲིམ་འགྲུལ་འཕར་རྩ་ཞིག་བཏོད་ཡོད། ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་རྗེས། ཁྲེང་ཏུའུ་ནས་འགོ་བརྩམས་ཏེ་ཁྲེང་གཡག་དང་། གཡག་མདོ། ལྕགས་སྲིབ་མྱུར་ལམ་བཅས་བརྒྱུད་དེ་ལྷོ་ཕྱོགས་ཀྱི་སྲིབ་སྨད་དུ་བསྐྱོད་ཆོག། དེ་ནས་གཡག་ཞི་མྱུར་ལམ་དང་འབྲེལ་མཐུད་བྱེད་ཐུབ། ལྕགས་ཟམ་ཁ་དང་། འབོ་ཞབས་ཚོགས་འདུའི་གནས་རྙིང་བཅས་ཀྱི་གསར་བརྗེའི་ལྗོངས་ཁུལ་དང་། ཝ་སྒང་ཐང་ལྗོངས་ཁུལ། དུང་དཀར་ལུང་པའི་འཁྱགས་ཀླུང་ནགས་ཚལ་སྤྱི་གླིང་སོགས་རང་བྱུང་མཛེས་ལྗོངས་ཚང་མ་མྱུར་ལམ་འདི་དང་སྦྲེལ་མཐུད་བྱས་ཡོད་པ་རེད།
2025ལོའི་ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་པ་ནི་ལྕགས་སྲིབ་མྱུར་ལམ་གྱི་ལྕགས་ཟམ་ཁའི་མངའ་ཁོངས་ཀྱི་སྤྱི་ལེ49ཡོད་པའི་ལམ་མཚམས(ས་སྒང་ཐང་འབྲེལ་ལམ་ནས་དུང་དཀར་ལུང་པའི་འབྲེལ་ལམ)ཡིན་པ་རེད། ལམ་མཚམས་དེར་ཟམ་པ23དང་། ཕུག་ལམ8དང་། འབྲེལ་ལམ་ལངས་གཟུགས་སྣོལ་ལམ4དང་། ཞབས་ཞུ་ཁུལ2དང་། ལམ་ཁྲལ་ས་ཚུགས3བཅས་ཚུད་ཡོད། རླངས་འཁོར་ཤར་གཏོང་ཐུབ་རྗེས་ལྕགས་ཟམ་རྫོང་དང་དུང་དཀར་ལུང་པའི་ལྗོངས་ཁུལ་སོགས་མཐའ་འཁོར་གྱི་ཡུལ་ཤོག་གྲོང་རྡལ་དང་ལྗོངས་ཁུལ་བཅུ་ལྷག་ལ་ཐད་ཀར་སླེབས་ཐུབ་པ་རེད།
ཡུལ་སྐོར་ལ་དགའ་བའི་གྲོགས་པོ་ཚོར་མཚོན་ན། མྱུར་ལམ་ལམ་མཚམས་འདིར་རླངས་འཁོར་ཤར་གཏོང་བྱས་རྗེས། ཁྲེང་ཏུའུ་ནས་ཁྲེང་གཡག་དང་། གཡག་མདོ། ལྕགས་སྲིབ་བཅས་མྱུར་ལམ་བརྒྱུད་ནས་ཆུ་ཚོད3.5ནང་དུང་དཀར་ལུང་པའི་འཁྱགས་ཀླུང་ནགས་ཚལ་སྤྱི་གླིང་དུ་ཐད་ཀར་བསྐྱོད་ཐུབ་པས་སྔོན་དང་བསྡུར་ན་དུས་ཚོད་མི་ཉུང་བ་ཞིག་བསྲི་ཐུབ། དུང་དཀར་ལུང་པ་དང་འབོ་ཞབས་གནའ་གྲོང་སོགས་ལྗོངས་ཁུལ་གཙོ་བོའི་མཛེས་ལྗོངས་ཁུལ་ཚང་མ་ལམ་རྒྱུད་ཀྱི་ལམ་ཁྲལ་ས་ཚུགས་བརྒྱུད་ནས་མྱུར་ལམ་དྲ་བར་མགྱོགས་མྱུར་སྦྲེལ་ཐུབ་པས་སི་ཁྲོན་ནུབ་རྒྱུད་ཡུལ་སྐོར་ཐད་ལམ་གྱི་དབང་གིས་ཕྱིར་འགྱང་མི་དགོས་པ་གྱུར་ཡོད།(སྐལ་བཟང་རྒྱ་མཚོས་བསྒྱུར།)
