གྲང་ངར་ཆེ་བའི་དགུན་དུས་སུ་གངས་ལྗོངས་མཐོ་སྒང་ཡུལ་ལ་དྲོད་ཁོལ་ཞིག་བརྡོལ་སོང་། ཉིན་འགའི་རིང་ལ། ལི་ཐང་དང་འདབ་པ་རྫོང་གཉིས་ཀྱི་སྒྲོག་འགྲེལ་ཚོགས་པ་འབྲོག་སྡེར་བསྐྱོད་དེ། ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྙིང་དོན་གཞི་རིམ་འཐབ་ཕྱོགས་དང་པོར་བསྒྲགས་པ་དང་། སྒྲོག་འགྲེལ་ཚོགས་པས་མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་གཙོ་དོན་ལ་དམིགས་ནས་བདེ་ཐང་འོས་འགན་སྨན་བཅོས་དང་དངོས་རྫས་འགྲེམ་གཏོང་སོགས་དམངས་ཕན་ཞབས་ཞུ་ཞོར་འདེགས་སུ་བྱས་ནས། སྲིད་ཇུས་མིག་མཐོང་ལག་རིག་གི་ཚུལ་དུ་བསྒྱུར་ནས་ཡུལ་སྡེ་དར་རྒྱས་ཡོང་བར་སྟོབས་ཤུགས་ཆེན་པོ་བསྣན་ཡོད།
ལི་ཐང་རྫོང་ཨུའི་དྲིལ་བསྒྲགས་ཚོགས་པ་དེ་དབང་ཡུལ་ཤོག་ལ་བསྐྱོད་དེ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་ཕྱོགས་ནས་བརྗོད་གཞི་གསལ་པོ་དང་ནང་དོན་གསོན་ཉམས་ལྡན་པའི་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ཆེད་དོན་དྲིལ་བསྒྲགས་བྱས། དྲིལ་བསྒྲགས་དེ་འབྲོག་ཁུལ་གྱི་དོན་དངོས་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་གཙོ་བོ་གོ་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་པའི་རྨང་གཞིའི་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། ཁྲིམས་སྐྱོང་བསམ་བློ་ཁྱབ་གདལ་གཏོང་བ། ཉེན་མེད་ཐོན་སྐྱེད་འགན་འཁྲི། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཡུལ་སྡེ་དར་རྒྱས་ཀྱི་འཐབ་ཇུས།ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད། འཕྲོད་བསྟེན་བདེ་ཐང་ཤེས་བྱ། དཀར་མཛེས་མགྱོགས་ཞུའི་བསྒྲིགས་རིམ་བེད་སྤྱོད་སོགས་ད་སྔའི་ལས་དོན་གཙོ་གནད་རྣམས་ཐབས་མཁས་ངང་མཉམ་འདྲེས་བྱས་ཡོད། དྲིལ་བསྒྲགས་ཚོགས་པའི་ཁོངས་མིས་གསོན་ཉམས་ལྡན་པའི་དཔེ་མཚོན་དང་བབ་ཆགས་པའི་སྐད་ཆ་སྤྱད་དེ་གཏིང་ཟབ་ཅིང་སྟབས་བདེའི་སྒོ་ནས་གསལ་འགྲེལ་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱིས“གཏན་འཁེལ་གཉིས”ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པའི་ཁྲིད་སྟོན་དང་། “འདུ་ཤེས་བཞི”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ཏེ། ཏང་གི་ཁ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་མི་བརྗེད་པ། ཏང་གི་རྗེས་སུ་བསྐྱོད་པ་བཅས་ཀྱི་བསམ་བློའི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་ཡོད། ཁྲིམས་སྐྱོང་གི་འདུ་ཤེས་དང་། སྐྱེ་ཁམས་འདུ་ཤེས། བདེ་འཇགས་འདུ་ཤེས་བཅས་ནི་འོ་ཆུ་འདྲེས་པ་ལྟར་སེམས་སུ་འཇགས།
ཕྱིན་ཆད་ལི་ཐང་རྫོང་གིས་སྤུས་རྟགས་མུ་མཐུད་དེ་ཆེ་རུ་བཏོད་ནས་ཐག་རིང་འབྲོག་ཁུལ་དང་ཞིང་སྡེར་བསྐྱོད་ནས་སྒྲོག་འགྲེལ་དང་ཞབས་ཞུའི་བྱེད་སྟངས་ལེགས་སུ་བཏང་སྟེ། དམངས་འཚོའི་དགོས་མཁོ་དང་ས་གནས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་རིག་རྩལ་འཁྲབ་སྟོན་དང་། མཉམ་འགུལ་དྲིས་ལན། བདེ་ཐང་འོས་འགན་སྨན་བཅོས་སོགས་བྱ་རྒྱུ་ཡིན་པ་རེད།
ཉིན་འགའི་རིང་འདབ་པ་རྫོང་ཨུ་དྲིལ་བསྒྲགས་ཚོགས་པ་སྔ་རྗེས་སུ་འཇམ་རོང་དང་། བདེན་པོ། མང་ར།བསམ་མོ་ཡུལ་ཤོག་བཅས་སུ་བསྐྱོད་ནས་ཆེད་དོན་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། སྒྲོག་འགྲེལ་ཚོགས་པས་ཁུལ་ཡོངས་དང་རྫོང་ཁོངས་ཡུལ་སྡེ་འཕེལ་རྒྱས་ཀྱི་དོན་དངོས་གཞིར་བཟུང་སྟེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས། དམངས་འཚོ་འགན་ལེན། སྐྱེ་ཁམས་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་གྲུབ་འབྲས་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ་བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་།དཔལ་ཡོན་གྲོང་སྡེ་གསར་སྐྲུན། ཁྲིམས་ལྟར་དྲྭ་ཞུགས། ཆོས་ལུགས་ཀྲུང་གོ་ཅན་སོགས་འགག་རྩའི་ཐད་ནས་ཀུན་སྤྱོད་མཚོན་ཚུལ་དང་དཔེ་མཚོན་གསལ་འགྲེལ་གྱི་ཐབས་སྤྱད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་གོ་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་དང་གནད་ལ་འཁེལ་བའི་སྒོ་ནས་གསལ་འགྲེལ་བྱས་ཡོད།
འདབ་པ་རྫོང་ཨུའི་དྲིལ་བསྒྲགས་ཚོགས་པས་ད་དུང་ཡུལ་ཤོག་དང་གྲོང་རྡལ་ཁག་དང་ལས་རིགས་ཁག་གི་ཁྱབ་ཁོངས་སུ་རྒྱུན་མཐུད་ངང་སྐོར་སྐྱོད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་མང་ཚོགས་ཅན་དང་། དམིགས་ཡུལ་ཅན། ཀུན་ཁྱབ་ཅན་བཅས་ཀྱི་དྲིལ་བསྒྲགས་བྱེད་སྟངས་སྤྱད་པའི་རྨང་གཞིའི་ཐོག་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དྲིལ་བསྒྲགས་ལག་དེབ་དང་། ཆར་གདུགས། ཁུག་མ་སོགས་དྲིལ་བསྒྲགས་དངོས་རྫས་ཀྱང་བཀྲམ་ཡོད་པ་རེད།།
( ཀུན་དགས་བྲིས།)
